བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་ཞིང་ལས་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་དང་འོས་སྦྱོར་བྱས་པ།

ཡོང་ཁུངས། མི་དམངས་དྲ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་11ཉིན་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཆེད་དོན་འགྲེམས་ཚོང་དང་འོས་སྦྱོར་བྱེད་སྒོ་ལྷ་སར་གཉེར་ཞིང་། བྱེད་སྒོ་དེ་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་ཉིང་ཁྲི་གྲོང་ཁྱེར་ཚོང་དོན་ཅུས་དང་ཉིང་ཁྲི་གྲོང་ཁྱེར་མཁོ་ཚོང་མཉམ་ལས་མཉམ་འབྲེལ་ཁང་གིས་གཉེར་འགན་ཁུར་བ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱས་ནས་ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་སྤུས་རྟགས་གཟུགས་བརྙན་ལེགས་སུ་གཏོང་རྒྱུ་ཡིན་པ་དང་། བྱེད་སྒོ་ཉིན་60རྒྱུན་མཐུད་ནས་སྤེལ་རྒྱུ་རེད།     གསར་འགོད་པས་བྱེད་སྒོ་སྤེལ་ཡུལ་ནས་ཤེས་རྟོགས་བྱས་པར་གཞིགས་ན། བྱེད་སྒོར་ཁྱོན་ཁེ་ལས་31འགྲེམས་སྟོན་ལ་ཞུགས་པ་དང་འགྲེམས་གནས་36བཙུགས་ནས་གཙོ་བོ་ཉིང་ཁྲིའི་བེ་ཤ་དང་། སྤྲེལ་ཁམ། ཀུ་ཤུ། སྦྲང་རྩི། བོད་ཕག སྤོས་སོགས་ཞིང་པའི་ཁྱད་ལྡན་ཐོན་རྫས་སྣ་ཁ་209འགྲེམས་ཚོང་བྱེད་ཀྱི་ཡོད། སྣ་མང་ཕུན་སུམ་ཚོགས་པའི་ཐོན་རྫས་ཀྱིས་གྲོང་མི་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། “ངས་ཉིང་ཁྲིའི་བེ་ཤ་མང་པོ་ཉོས་པ་ཡིན། ཉིང་ཁྲིའི་བེ་ཤ་དེ་ཐང་བསྐོལ་བའམ་ཡང་ན་བརྔོས་ཚེ་བྲོ་བ་ཧ་ཅང་ཞིམ་ལ་འཚོ་བཅུད་ཀྱང་ཕུན་སུམ་ཚོགས་པོ་འདུག”ཅེས་ལྷ་སའི་གྲོང་མི་ཚེ་གཡང་གིས་བཤད་པ་རེད། 

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།