ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་སྤྱི་ལོ1953ལོར་བཙུགས་ཤིང་རྒྱལ་ཡོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་བཅུའི་གྲས་ཡིན། དེ་ནི་མདོ་དབུས་མཐོ་སྒང་གི་བྱང་ཤར་མཐའི་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་ཤིང་། ལྷོ་ཕྱོགས་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་དང་འབྲེལ་ལ། ལྷོ་ནུབ་ཕྱོགས་སུ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་དང་མགོ་ལོག་ཁུལ། ཤར་བྱང་ཕྱོགས་སུ་ཀན་སུའུ་ལུང་ནན་དང་ཏིང་ཤིས། ཀ་ཅུ་བཅས་ཀྱི་མཐའ་མཚམས་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི4.5ཟིན་ཞིང་། མངའ་ཁོངས་སུ་གཙོས་དང་བསང་ཆུ། རྨ་ཆུ། ཀླུ་ཆུ། ཐེ་བོ། འབྲུག་ཆུ། ཅོ་ནེ། བ་ཙེ་བཅས་རྫོང་དང་གྲོང་ཁྱེར8དང་། ཞང་གྲོང99དང་སྲིད་འཛིན་སྡེ་བ663ཡོད་པ་དང་། རྒྱུན་སྡོད་མི་འབོར་ཁྲི70ལྷག་ཟིན་ལ། བོད་རིགས་དང་རྒྱ་རིགས། ཧོས་རིགས། ཧོར་རིགས། སོག་རིགས་སོགས་མི་རིགས33འདུས་སྡོད་བྱས་ཡོད།
ད་ལོ་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་ལོ་ཡིན་ལ། ལོ་ངོ70ཡི་རིང་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀན་སུའུ་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་བཅས་ཀྱི་མགོ་ཁྲིད་དང་ཐུགས་ཁུར་འོག ཁུལ་ཡོངས་ཀྱི་མི་རིགས་སོ་སོ་ཏང་དང་བློ་སེམས་གཅིག་མཐུན་ངང་མེས་རྒྱལ་དང་མཉམ་དུ་བསྐྱོད་དེ། འབད་འབུངས་ལྷོད་མེད་དང་དཔའ་ངར་ཆེར་བསྐྱེད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་འགྱུར་ལྡོག་བྱུང་ཡོད་ལ། དུས་ཡུན་ཐུང་ངུའི་ནང་ལོ་ངོ་སྟོང་ཕྲག་གི་མཆོང་བསྐྱོད་ཀྱི་འཕོ་འགྱུར་བྱུང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་གོང་འཕེལ་དང་མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་སོང་བ་དང་། གྲོང་གསེབ་དར་སྤེལ། མཁར་གྲོང་འཛུགས་སྐྲུན་ལ་རྣམ་པ་གསར་པ་དང་མི་རིགས་མཐུན་སྒྲིལ་ལ་གྲུབ་འབྲས་བླ་མེད་བླངས་ཏེ། ཀན་ལྷོ་ནི་དབུལ་བོ་ནས་ཕྱུག་པོ་དང་། མཐོ་སྒང་ནས་འཛམ་གླིང་གི་ཕྱོགས་སུ་བསྐྱོད་ཡོད།
བསང་ཆུ་རྫོང་ཨ་མཆོག་གྲོང་རྡལ་རྔ་རྒོད་སྡེ་བའི་རྣམ་པ་གསར་པ།
རྔ་རྒོད་སྡེ་བ་ནི་བསང་ཆུ་རྫོང་གི་ལྷོ་ཕྱོགས་ཏེ་བསང་ཆུ་གནམ་གྲུ་ཐང་ལ་འགྲོ་སའི་ལམ་འགྲམ་དུ་གནས་ལ། གཙོ་བོ་ཕྱུགས་ལས་དང་ཞིང་ལས་གཉེར་བཞིན་པའི་སྡེ་བ་ཞིག་རེད། ཉེ་བའི་ལོ་ཤས་རིང་། རྔ་རྒོད་སྡེ་བས་རང་སྡེ་བའི་ས་བབ་དགེ་མཚན་དང་ཐུན་མིན་གྱི་མཛེས་ལྗོངས། དམངས་སྲོལ་རིག་གནས་བཅས་ལ་རྐང་བཙུགས་ཏེ། རྒྱལ་ཡོངས་ཀྱི་ཁྱད་ལྡན་ཡུལ་སྐོར་གྱི་སྤྲོ་གསེང་གཏོང་ཡུལ་དང་རིག་གནས་ཡུལ་སྐོར་བྱེད་ས་འཛུགས་སྐྲུན་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་དང་ཡུལ་སྐོར་དཔེ་སྟོན་སྡེ་བ་སོགས་ཀྱི་ལས་གཞི་སྣ་མང་བརྩོན་ལེན་བྱས་ཤིང་། སྔ་རྗེས་སུ་རྔ་རྒོད་དམངས་སྲོལ་གྲོང་སྡེ་དང་དམངས་སྲོལ་རོལ་མྱོང་མགྲོན་ཁང་། ཨ་མྱེས་གོང་སྔོན་ཕྱུགས་རའི་མགྲོན་ཁང་། མེ་ཏོག་སྣ་བརྒྱའི་སྤྱི་གླིང་སོགས་ཡུལ་སྐོར་གྱི་རྨང་གཞི་སྒྲིག་བཀོད་གསར་འཛུགས་དང་ལེགས་སྒྲིག ཞབས་ཞུའི་རྣམ་པ་འཐུས་ཚང་དུ་གཏོང་བཞིན་ཡོད།
རྒྱུས་ལོན་པ་ལྟར་ན། སྡེ་བ་དེས་ལོ་རེར་ཡུལ་སྐོར་པ་མི་ཐེངས་ཁྲི1.2ལྷག་དང་། ཀྲུང་དབྱང་དང་ཞིང་ཆེན། བོད་འབྲེལ་ས་ཁུལ་གྱི་ཁུལ་དང་རྫོང་ཁག་སོ་སོ་ནས་ཡོང་བའི་ལྟ་སྦྱོང་བྱ་འགུལ་ཐེངས100ལྷག་ལ་སྣེ་ལེན་བྱེད་བཞིན་ཡོད་ལ། ལོ་རེར་ཁྱིམ་ཚང་རེར་ཡུལ་སྐོར་ཡོང་འབབ་གྱི་ཐོབ་ཆ་སྒོར་ཁྲི1རེ་དང་སྡེ་བ་ཐུན་མོང་གི་ཡོང་འབབ་སྒོར་ཁྲི100ལ་སླེབས་ཡོད།
ཏང་འཛུགས་དང་ཡུལ་སྐོར་ཟུང་དུ་སྦྲེལ་བའི་ཁྲི་ཀོའུ་སྡེ་བ།
ཁྲི་ཀོའུ་སྡེ་བ་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བ་ཙེ་རྫོང་གི་མིང་དུ་གྲགས་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཨ་མ་འབྲུག་མཚོའི་ཡུལ་སྐོར་ལམ་ཐིག་ཏུ་ཡོད་དེ། ཨ་མ་འབྲུག་མཚོའི་ཆུ་རྒྱུན་སྡེ་བ་འདིར་བརྒྱུད་ནས་འབབ་ཀྱིན་ཡོད་སྟབས་སྡེ་བའི་མིང་དེ་ལྟར་ཐོགས་ཤིང་། སྡེ་བ་དེར་སླེབས་དུས་མཁའ་དབུགས་ལྷག་པར་གཙང་ཞིང་ཁོར་ཡུག་གཙང་ཞིང་གྲལ་དག་པ་དང་། དམངས་སྲོལ་མགྲོན་ཁང་དང་། རང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཟས་རིགས་དང་ལག་ཤེས་བཟོ་ལས་སོགས་ཀྱིས་ས་གནས་ཀྱི་ཁྱད་ཆོས་འབུར་དུ་མངོན་པར་བྱས་ཡོད།
སྡེ་བའི་ལས་བྱེད་པས་ངོ་སྤྲོད་བྱས་པ་ལྟར་ན། སྡེ་བ་འདིར་ཁྱིམ་ཚང244དང་། མི1073ཡོད། ཁྲི་ཀོའུ་སྡེ་བས་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆར་བརྟེན་ནས། ཏང་འཛུགས་དང་ཞིང་སྡེའི་ཡུལ་སྐོར་ཟུང་དུ་སྦྲེལ་བའི་གོང་འཕེལ་གྱི་རྣམ་པ་གསར་པ་ཁྱབ་གདལ་དུ་བཏང་ཞིང་། ཏང་ཀྲི་པུའུ་ཡིས་ཁ་ཕྱོགས་གསལ་སྟོན་དང་ཏང་ཡོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་གསར་པ་རྒྱ་བསྐྱེད་ཡོད།
2019ལོར་ཁྲི་ཀོའུ་སྡེ་བ་ནི་ཀན་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་དཔེ་སྟོན་སྡེ་བ་རུ་གཏན་འཁེལ་བྱས་པར་མ་ཟད། ཞིང་སྡེ་བཅོས་སྐྱོང་གི་ཐབས་ལམ་འཚོལ་ཞིབ་དང་སློབ་སྦྱོང་བྱས་ཏེ། དེང་རབས་ཞིང་སྡེའི་བཅོས་སྐྱོང་མ་ལག་བཙུགས་པ་དང་། ཞིང་སྡེ་གོང་འཕེལ་འགྲོ་བར་ལམ་ལུགས་ཀྱི་རྨང་གཞི་དང་འགན་སྲུང་གལ་ཆེན་མཁོ་འདོན་བྱས་ཡོད། ཁྲི་ཀོའུ་སྡེ་བར་སྔ་གཞུག་ཏུ་རྒྱལ་ཡོངས་ཀྱི་ལྗང་མདོག་སྡེ་བ་དང་། རྒྱལ་ཡོངས་ཀྱི་སྤྱོད་བཟང་ཞིང་ཁྱིམ་སྤྲོ་ར། ཀྲུང་གོའི་ཞིང་སྡེ་ཡུལ་སྐོར་གྱི་དཔེ་སྟོན་སྡེ་བ། ཀན་ལྷོ་ཁུལ་གྱི་དཔལ་ཡོན་སྡེ་བ། ཀན་ལྷོ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་སྡེ་བ་སོགས་ཀྱི་མཚན་སྙན་ཐོབ་པར་མ་ཟད། རྒྱལ་སྤྱིའི་ཡུལ་སྐོར་དུས་དེབ《དབང་གྲགས》སྟེང་མི་ཚེ་འདིར་ཐེངས་གཅིག་ངེས་པར་འགྲོ་དགོས་པའི་ས་ཆ་ལྔ་བཅུའི་གྲས་སུ་བདམས་ཡོད།
གྲོང་གསེབ་དར་སྤེལ་གྱི་གྲུབ་འབྲས་དང་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྣམ་པར་བཞད་པའི་རྒྱ་ར་འགབ་མ་སྡེ་བ།
རྒྱ་ར་འགབ་མ་སྡེ་བ་ནི་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་གྱི་ནུབ་བྱང་གི་ཕྱོགས་སུ་ཆགས་ཤིང་། སྡེ་བ་ཧྲིལ་པོར་བསྡོམས་པས་དུད་ཁྱིམ51དང་མི262ཡོད་ལ། དེའི་ཁྲོད་དུ་བོད་ཁྱིམ15དང་མི94ཡོད་པས། མི་རིགས་སྣ་མང་འཛོམས་པའི་ངེས་པ་དོན་གྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་སྡེ་བ་ཞིག་ཡིན།
ཉེ་བའི་ལོ་ཤས་རིང་ལ། རྒྱ་ར་འགབ་མ་སྡེ་བས“གནོད་མེད་ལྔའི་ཀན་ལྷོ། བཅུ་ཡོད་ཀྱི་གཞིས་ཁྱིམ”འཛུགས་སྐྲུན་བྱས་ཏེ། སྡེ་བའི་ཕྱི་ནང་དང་ཁྱིམ་ཚང་གི་ཁོར་ཡུག་གཙང་སྦྲ་ནི་སྡེ་བའི་བྱ་བ་ཡོངས་ཀྱི་མགོ་མཇུག་བར་གསུམ་ལ་ཁྱབ་པར་བྱས་ནས། སྡེ་བའི་ཁོར་སྲུང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་འཛུགས་པར་སྐུལ་སློང་བྱས་ཤིང་། སྡེ་སྲོལ་དམངས་ཆིངས་གཏན་འཁེལ་བྱས་པ་དང་། ཁོར་ཡུག་སྲུང་སྐྱོབ་འགན་འཁྲི་དངོས་འབེབས་བྱས་ཏེ། “རྩ་འཛུགས་འཛུགས་སྐྲུན་ལེགས་པ་དང་སྡེ་སྲོལ་དམངས་སྲོལ་ལེགས་པ། སྤྱི་ཕན་ཞབས་ཞུ་ལེགས་པ། དམངས་སྲོལ་རྒྱུན་འཛིན་ལེགས་པ། སྤྱི་ཚོགས་བཅོས་སྐྱོང་ལེགས་པ། མི་རིགས་མཐུན་སྒྲིལ་ལེགས་པ”བཅས“ལེགས་པ་དྲུག”གི་སྡེ་བའི་དམིགས་ཡུལ་མངོན་འགྱུར་བྱུང་ཡོད་ལ། ག་ས་གང་དུ་གད་སྙིགས་སྒམ་ཆུང་བཞག་ནས་སྒོ་ཕྱི་ནང་མེད་པར་གཙང་མ་གཙང་དག་ཡིན་པ་རྒྱུན་འཁྱོངས་བྱས་ནས། གྲལ་དག་དང་འབྱོར་ཕྱུག དཔལ་ཡོན། འཆམ་མཐུན་གྱི་ཡུལ་སྐོར་སྡེ་བ་གཙང་མ་ཞིག་ཀུན་ལ་མངོན་པར་བྱས་ཡོད།
རྒྱུས་ལོན་པ་ལྟར་ན། 2016ལོ་ནས2021ལོའི་བར། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གོ་སྐབས་དང་བསྟུན་ནས། སྔ་རྗེས་སུ་སྐྱེ་ཁམས་དཔལ་ཡོན་གྱི་ཡུལ་སྐོར་སྡེ་བ་འཛུགས་སྐྲུན་དང་ཁང་ཆག་བསྐྱར་སྐྲུན་སོགས་ཀྱི་ལས་གཞི་ལག་བསྟར་བྱས་པ་དང་།“965356”འཛུགས་སྐྲུན་གྱི་ཚད་གཞི་དང་སྤྱིའི་བླང་བྱ་ལྟར། སྡེ་བའི་གཞུང་ལམ་སྲ་བསྒྱུར་དང་སྡོད་ཁང་གི་རྣམ་པ་ལེགས་བཅོས། ཆུ་ཁུངས་ཆུ་རྐ་འཛུགས་སྐྲུན། སྤྱི་པའི་ཁོར་ཡུག་ལྗང་བསྒྱུར། མཉམ་འབྲེལ་དྲ་རྒྱ་ཡོངས་ཁྱབ། རང་བྱུང་སོལ་རླངས་སྦྲེལ་འཐེན་སོགས་ལས་གཞི་འཛུགས་སྐྲུན་བྱས་ཡོད་ལ། ལྷག་པར་དུ་རྒྱ་ར་འགབ་མ་ནི་ཁུལ་ཡོངས་ནས་རང་བྱུང་སོལ་རླངས་བཀོལ་བའི་སྡེ་བ་ཐོག་མར་གྱུར་ཡོད། 2020ལོ་ནས2021ལོའི་བར།“འཆར་འགོད་ཐེངས་གཅིག ཁག་དབྱེ་འཛུགས་སྐྲུན། གཞི་གཅིག་འཛུགས་སྐྲུན”གྱི་སྤྱིའི་བསམ་ཕྱོགས་ལྟར། རྒྱ་ར་འགབ་མའི་རྒྱ་སྒོ་བཅོས་བསྒྱུར་དང་སྡེ་བའི་ནང་ཁུལ་ལྗང་བསྒྱུར། སྡེ་བའི་དྲན་གསོ་ཁང་། ཡུལ་སྐོར་གསང་སྤྱོད། ཡུལ་སྐོར་ཆེད་དོད་དུད་ཁྱིམ། ལོག་དཀར་མེ་ཏོག་གི་ཞིང་ཁ་སོགས་ཡུལ་སྐོར་ཆེད་ལས་སྡེ་བ་འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱས་ཡོད་ལ། སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ3500ལྷག་ལ་སླེབས་ཡོད་པ་དང་། ཁྱིམ་ཚང49ཡི་ཁང་ཀླད་བསྐྱར་སྐྲུན་དང་རིག་གནས་ཐང་ཆེན་བསྐྱར་སྐྲུན། གསང་སྤྱོད་བསྐྱར་སྐྲུན། སྡེ་བའི་ནང་ཁུལ་ལྗང་སྒྱུར། སྦྲ་གུར་སྒར་ས་འཛུགས་སྐྲུན། ཚོན་ལྡན་རྒྱ་ལམ་འཛུགས་སྐྲུན། སྨི2400ལྷག་གི་ཤིང་ལམ་འཛུགས་སྐྲུན། སྨི2600ཡི་བཙོག་ཆུ་ཕྱིར་འབུད་སྦུག་དྲ་འཛུགས་སྐྲུན་སོགས་བྱས་པ་བརྒྱུད། ད་ལྟ་ཞིང་གྲོང་འདི་མཛེས་སྡུག་ལྡན་པའི་ཡུལ་སྐོར་ལྗོངས་རྒྱུའི་སྡེ་བ་ཞིག་ཏུ་གྱུར་ནས། ཕྱོགས་བཞིའི་མགྲོན་པོ་དག་བུང་བ་མེ་ཏོག་ལ་འཁོར་བ་བཞིན་འདུ་བཞིན་ཡོད།
མ་འོངས་པར་རྒྱ་ར་འགབ་མ་སྡེ་བས་གྲོང་གསེབ་དར་སྤེལ་གྱི་གོ་སྐབས་དམ་འཛིན་བྱས་ཏེ། སྡེ་མཐའི་ཡུལ་སྐོར་གྱི་དགེ་མཚན་དང་གྲོང་གསེབ་ཀྱི་རྩལ་ནུས་ཡོངས་སུ་བཏོན་ནས། གྲོང་གསེབ་དར་སྤེལ་གྱི་ལམ་ཁ་རྒྱ་ཇེ་ཆེ་དང་སྟོབས་ཇེ་ལྡན་དུ་གཏོང་བ་དང་། བདེ་སྐྱིད་ལྡན་པའི་ཞིང་ཁ་དང་མཛེས་སྡུག་ལྡན་པའི་གྲོང་སྡེ་འཛུགས་སྐྲུན་བྱས་ཏེ། ཁུལ་ཡོངས་ཀྱི་ཡུལ་སྐོར་མིང་བྱང་ལེགས་ཤོས་འཛུགས་སྐྲུན་བྱ་རྒྱུ་རེད། །
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།