ལྕགས་ཐར་རྒྱལ།
གྲོང་ཁྱེར་གྱི་སྟོན་ཟླ་དགུ་བ་ནི་གནས་འགྲོ་བུ་མོ་ཞིག་དང་མཚུངས་པར་རྒྱང་བཞུད་ཀྱི་མིག་ཆུའི་ཚབ་ཏུ་ཞེན་ཆགས་ཀྱིས་བསྒུལ་བའི་སྡོང་ལོ་དག་ས་རུ་འཐོར་བཞིན་ཡོད། ཚ་གདུང་གི་ཉི་འོད་འོག་འུར་ཟིང་གིས་རྒྱུ་བའི་མི་ཚོགས་ཀྱི་གོམ་སྒྲའང་ད་ནི་གཞི་ནས་འཇགས་ཟིན་མོད། ངས་སྡོང་འགྲམ་དུ་བཞུར་བའི་ཚུལ་འཆོས་དང་གཡོ་ཟོལ་གྱིས་བསླུས་པའི་ངོ་གདོང་དག་ལ་བཅོས་མའི་འཛུམ་མདངས་སྟོན་མི་འདོད་པར་དབེན་ཞིང་འཇགས་ས་ཞིག་ཏུ་ཁེར་རྐྱང་ངང་ཉི་ནུབ་ཀྱི་ཕྱོགས་སུ་ཅེར་ནས་ས་སྲོད་ཀྱི་གྲུབ་གཟུགས་བཙལ་བ་ཡིན། གཉིད་ལ་ཉེ་བའི་མེ་ཏོག་འདི་དག་དུས་ཚིགས་ཀྱི་དབང་གིས་འཆི་དགོས་ཤིང་ལྷུང་ལ་ཉེ་བའི་ལོ་མ་དག་ཀྱང་བསིལ་རླུང་གིས་ཁུར་འགྲོ་བར་བསམ་ན། འཇིག་རྟེན་འདིའི་ཡངས་སར་གྱེས་འགྲོ་བའི་ཚེ་སྲོག་དག་ནི་ཅི་འདྲའི་ཁེར་རྐྱང་དང་ཉམ་ཆུང་བ་ལ་ཨང་།
རང་ཉིད་ཁེར་རྐྱང་ཡིན་དུས་སུ་གམ་ན་རྒྱུ་བཞིན་པའི་མི་ཚོགས་ཀྱི་དགོད་སྒྲ་ཐོས་མི་ཐུབ་ལ། མཁའ་ལ་བཏེགས་པའི་ཟླ་འོད་དང་སྡོང་མགོར་བཞད་པའི་ལོ་མ་དག་གི་མཁུར་ཚོས་མིག་ཆུས་བརླན་འདུག བདེན་ཏེ། སྐྱིད་ལ་སྡུག་གི་མི་ལོ་ཉི་ཤུའི་ལ་མོ་ཁེར་རྐྱང་གིས་བརྒལ་ནས་ཡོང་བ་ཡིན་ཞིང་ངའི་ཉེ་འཁོར་གྱི་མི་མང་བོ་ཞིག་ཀྱང་ཕལ་ཆེར་དེ་བཞིན་ཡིན་ཚོད་འདུག སྔོན་ཆད་ང་རང་ཕ་ཡུལ་དུ་ཡོད་དུས་གཏན་འཁེལ་གྱི་རྩེད་རོགས་མེད་ལ་ནར་སོན་དུས་ཀྱང་ཁ་སེམས་མཐུན་པའི་བློས་ཐུབ་ཀྱི་གྲོགས་པོ་གཅིག་ཀྱང་མེད་པར། འཚོ་བའི་དགའ་སྐྱོ་ཡོད་ཚད་ཁེར་རྐྱང་གི་སེམས་པ་འདིས་བསྐྱོར་ཏེ་འོང་བ་ཡིན། དོ་ནུབ་ལྟ་བུའི་ས་སྲོད་མང་བོ་ཞིག་གི་གྲིབ་གཟུགས་དང་འདྲ་བར་ཁུ་སིམ་གྱིས་དང་ལེན་བྱས་ཤིང་སླར་ཡང་འགྱོད་གདུང་གིས་སྐྱེལ་མ་བྱས་པ་ཡིན།
རྗེས་སུ་ཁོ་མོ་ངའི་འཇིག་རྟེན་གྱི་གྲུ་ཟུར་དུ་མངོན་པ་ནས་ནམ་མཁར་ཟླ་བ་འཛུམ་པ་བཞིན་བདག་གི་འཚོ་བར་འོད་སྣང་གི་ཆ་ཤས་ཙམ་བྱིན་ནའང་དེ་ཙམ་གྱིས་བདག་གི་ཁེར་རྐྱང་གི་སེམས་པ་འདི་མགོ་མ་ཚོས་པའི་མེ་ཏོག་ཅིག་གིས་གསོ་མི་ཐུབ་པ་ཤེས་ཡོད། དེ་ཙ་ན། ཉེ་འགྲམ་གྱི་ཡུག་ཡུག་འདར་བའི་ལྗོན་པ་དང་མདངས་ཡལ་བའི་མེ་ཏོག ཟླ་འོད་ཀྱི་གཟུགས་བརྙན་བརྐུས་པའི་མཚེའུ་འདི་དག་ལའང་ད་ནི་བླ་དང་སྲོག་ཡོད་ན་བསམ་བྱུང་། ནང་སེམས་ཀྱི་གཏིང་རིམ་ལ་ཟུག་པའི་དྲན་པ་དང་བག་ཆགས་མང་བོ་ཞིག་སྐད་ཅིག་གིས་འགྱུར་འགྲོ་བ་ཞིག་མིན་པར་ལོ་ཟླའི་སྲུབས་ཀ་མང་བོ་ཞིག་བརྒྱུད་ན་ད་གཟོད་ཡུན་གྱིས་ཟད་འགྲོ་བ་ཚོར་ཡོང་།
སྐབས་མང་བོ་ཤིག་ལ་སུ་ཞིག་གིས་ཀྱང་ངའི་ནང་སེམས་ཀྱི་ཁེར་རྐྱང་དང་སྐྱོ་བ་མང་བོ་ཞིག་ནམ་ཡང་རྟོགས་མི་སྲིད་པ་འདྲ་ལ་རྟོགས་ཐུབ་ཀྱང་སེམས་གསོ་བྱ་མི་ཐུབ། དེ་ལ་ངས་ཀྱང་ལེ་བདའ་དང་འཁང་ར་བྱེད་མི་སྲིད། རྒྱུ་མཚན་མི་རྣམས་ནི་མ་གཞི་ནས་ཁེར་རྐྱང་གི་བསྡུས་གཟུགས་ཤིག་ཡིན་ལ་སྐྱེ་དུས་གཅིག་པུར་སྐྱེ་ཞིང་སྡུག་དུས་གཅིག་པུར་ངུ་བ། འཆི་དུས་གཅིག་པུར་འགྲོ་བ་སོགས་ན་ཟུག་དང་སྐྱོ་ངལ་མང་བོ་ཞིག་གི་མདུན་དུ་རང་གི་ཉེ་འཁོར་ན་མི་ཞིག་གི་གྲིབ་མ་ཙམ་ཡང་མངོན་མི་ཡོང་བ་ཤེས་ཡོད། སྔོན་ཆད་སྐྱོ་བ་དང་ཁེར་རྐྱང་འདི་དག་སེམས་ཀྱིས་མ་བཟོད་པར་ཐ་སྙད་དག་མིག་ཆུའི་ཚབ་ཏུ་བཤམས་ནས་རྒྱང་རིང་ལ་སྤྲིངས་པ་ཡིན་ཞིང་དེས་ཀྱང་ཡིད་ཀྱི་སྐྱོ་བ་སངས་ཐུབ། ཡིན་ནའང་། ད་ལྟ་ངའི་སེམས་ཀྱི་ན་ཟུག་མང་བོ་ཞིག་དེ་ཙམ་གྱིས་མཚོན་མི་ནུས་ཤིང་ཅི་ཙམ་བརྗོད་ན་དེ་ཙམ་གྱིས་འཕེལ་བ་ཡང་ཁེར་རྐྱང་གི་སྡུག་བསྔལ་ཇེ་མང་དུ་འགྲོ་བཞིན་པར་སྣང་།
ཀ་ཁའི་འབྲི་ཀློག་ཤེས་པ་ནས་ད་ལ་ཐུག་གི་བར་དུ་ངས་རྒྱང་རིང་ཞེས་ཕྱོགས་གང་དུ་ཡོད་པ་མི་ཤེས་ལ་གནས་གང་དུ་བཞུགས་པའང་རྟོགས་ཐབས་བྲལ་བའི་ལྐོག་གྱུར་ཅིག་ལ་ཡིད་སྨོན་བྱས་ནས་ཡོང་བ་ཡིན་མོད་དོན་གྱིས་ངས་རྒྱང་རིང་གི་ཕྱིར་དུ་ཅི་ཡང་བསྒྲུབ་མ་ནུས་ཤིང་ཐ་ན་སྨྱུ་གུ་འགུལ་ཏེ་ཡིག་འབྲུ་གཅིག་ཀྱང་སྤྲིངས་མ་མྱོང་། ད་ལྟ། རྒྱང་རིང་ཞེས་པ་ནི་ས་སྲོད་ཅིག་གི་སྣེ་མོ་ལ་འཇུས་པའི་ཉི་འོད་དང་མཚུངས་པར་བདག་དང་བར་ཐག་ཇེ་རིང་དུ་འགྲོ་བཞིན་པ་རྟོགས་ལ་ནམ་ཞིག་སྨག་རུམ་གྱིས་བཅོམ་ནས་རབ་རིབ་དང་མག་མོག་ཅིག་ཏུ་བཏང་འགྲོ་བར་ཡང་སེམས་ཁྲལ་སྐྱེས་ཡོང་། དེའི་ཕྱིར། དོ་ནུབ་ནས་བཟུང་ངས་རྒྱང་རིང་མི་གླེང་སྲིད་ལ་རྒྱང་རིང་གི་ཕུགས་བསམ་དག་ཀྱང་གླེང་འདོད་མི་འདུག འབྱུང་འགྱུར་གྱི་ས་སྲོད་མང་བོ་ཞིག་ལ་ང་རང་དེ་རིང་ནང་བཞིན་སྡོང་འགྲམ་གྱི་རྐུབ་སྟེགས་སྟེང་བསྡད་ནས་སྡོང་ལོ་ཁེར་རྐྱང་གིས་ས་རུ་ཟགས་པ་ལྟར་བདག་པོ་མེད་པའི་སེམས་པ་འདི་ཡང་ཁ་ཕྱོགས་དབེན་པའི་འཇིག་རྟེན་འདིའི་པང་བར་ག་ལེར་ལྷུང་འགྲོ་བར་སྔ་ས་ནས་གྲ་སྒྲིག་བྱས་ཡོད།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།