གེ་སར་གར་འཆམ་དང་ཟློས་གར།

ཡོང་ཁུངས། བདེ་ཆེན་གྱི་བོད་ཡིག་སྨྱན་སྦྱོར།

 

གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བོད་མི་རིགས་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་མིང་ཐོའི་ནང་དུ་བཀོད་ཡོད།

གེ་སར་ནོར་བུ་དགྲ་འདུལ།

གླིང་རྗེ་མི་ཡི་ཉི་མ་སེང་ཆེན་ནོར་བུ་དགྲ་འདུལ་ནི་ཡུལ་ལྗོངས་ལྟ་ན་སྡུག་ཅིང་། ཕྱུགས་ཟོག་འཕེལ་ཁ་རྒྱས་པའི་ཨ་ཕྱུག་རྩྭ་ཐང་དུ་འཁྲུངས་པ་དང་། ཁོང་ནི་བོད་མི་དམངས་ཀྱིས་སེམས་ཁོང་དུ་ཉར་བའི་དཔའ་བོ་ཞིག་ཡིན།

དཔའ་རྟུལ་གྲུབ་ཆེན་བརྒྱད་ཅུ།

གེ་སར་གར་འཆམ་ནི་རྫོགས་ཆེན་གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་མཆོག་གིས་འཆར་འགོད་དང་གསར་གཏོད་མཛད་ནས་མདོ་ཁམས་སྡེ་དགེའི་རྫོགས་ཆེན་དགོན་ནས་ཐོག་མར་དར་ཞིང་། ཕྱིས་སུ་རྫོགས་ཆེན་དགོན་པའི་དགོན་ལག་གཙོ་བོ་ཁག་དང་བོད་ཀྱི་དགོན་སྡེ་དུ་མས་རྫོགས་ཆེན་དགོན་པའི་གེ་སར་གར་འཆམ་ལ་དཔེ་བླངས་ནས་འཆམ་མགོ་བརྩམས། གར་འཆམ་གྱི་ནང་དོན་ལ་གླིང་རྗེ་གེ་སར་རྒྱལ་པོ་དང་གླིང་ལྷའི་སྐོར། དགྲ་ལྷ་ཝེར་མ་བཅུ་གསུམ། དཔའ་རྟུལ་གྲུབ་ཆེན་བརྒྱད་ཅུ། ཕ་ཁུ་དང་མ་སྲུ་སོགས་དང་། དེ་དག་གི་ཞལ་འབག་དང་ཆས་གོས། མཚོན་ཆ་སོགས་ཆ་ཚང་ཞིང་། འཆམ་གྱི་གར་སྟབས་སོགས་ལ་ཐུན་མིན་གྱི་ཁྱད་ཆོས་འབུར་དུ་ཐོན་པ་ལྡན།

གེ་སར་ཟློས་གར་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ཙམ་དུ་གསེར་རྟ་རྫོང་གེ་སར་ཟློས་གར་ཚོགས་པས་གར་སྟེགས་སུ་འཁྲབ་སྟོན་བྱས་ནས་དེ་ནས་རིམ་བཞིན་ས་གནས་མང་པོ་ལ་འཁྲབ་སྲོལ་དར། ནང་དོན་སྐོར་ལ་བོད་མི་དམངས་ཀྱིས་གེ་སར་རྒྱལ་པོ་རྗེས་དྲན་བྱ་ཆེད་དང་། གླིང་གེ་སར་རྒྱལ་པོ་ལ་བསྟོད་བསྔགས་དང་རྗེས་དྲན་བྱེད་པ་བརྗོད་དོན་དུ་བྱས་ཡོད། གེ་སར་ཟློས་གར་དུ་གེ་སར་མི་ཡུལ་དུ་བྱོན་ནས་དགྲ་འདུལ་གཉེན་སྐྱོང་དང་། མི་རིགས་སོ་སོ་འཆམ་མཐུན་མཉམ་གནས་ཀྱི་མཛད་བཟང་བསྐྱངས་ནས། བདེ་སྐྱིད་ཁྱིམ་གཞིས་བསྐྲུན་པའི་དཔའ་བོའི་གཏམ་རྒྱུད་བརྗོད་ཡོད་ལ། འཁྲབ་གོས། འཁྲབ་ཆས། གར་སྟབས། མཛེས་བཟོ། དབྱངས་རྟ། ཉམས་འགྱུར། དེ་མིན་ཁྱད་ཆོས་ལྡན་པའི་སྐད་བརྡ་སོགས་ཀྱིས་མི་སྣའི་སྣང་བརྙན་བཞེངས་བསྐྲུན་བྱས་ཡོད། དེ་ཡང་འཆད་གྱེར་མང་ཞིང་ཁ་བརྡ་ཉུང་བ། ནང་དོན་གཙོ་བོ་ལ། འཁྲུངས་གླིང་མེ་ཏོག་ར་བ་དང་། རྟ་རྒྱུག་ནོར་བུ་ཆ་བདུན། ཧོར་གླིང་གཡུལ་འགྱེད། སྟག་གཟིག་ནོར་འགྱེད་སོགས་ཡོད། གེ་སར་གྱི་གར་འཆམ་དང་ཟློས་གར་ནི་བོད་ཀྱི་ལོ་སར་དང་ཚེས་བཟང་དུས་མཆོད། རིག་གནས་བྱེད་སྒོ་སོགས་དུས་ཆེན་ཁྱད་པར་ཅན་གྱི་སྐབས་སུ་ཡངས་པའི་རྩྭ་ཐང་སོགས་སུ་འཁྲབ་སྟོན་བྱེད་སྲོལ་ཡོད་ལ། བོད་རིགས་མང་ཚོགས་ཀྱི་རིག་གནས་འཚོ་བའི་རྣམ་པ་གཙོ་བོ་ཞིག་ཡིན། 

གསེར་རྟ་རྫོང་གེ་སར་ཟློས་གར་ཚོགས་པས་གར་སྟེགས་ཐོག་འཁྲབ་སྟོན་བྱེད་བཞིན་པ།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།