མདོ་སྨད་པ་སྨན་བླ་སྐྱབས།

ཡོང་ཁུངས། འབར་རྡེའུ་སྒྱུར་རྩལ་ལས་ཤག

མདོ་སྨད་པ་སྨན་བླ་སྐྱབས།

སྨན་བླ་སྐྱབས(སྨྱུག་མིང་ལ་འབར་རྡེའུ་དང་གངས་བུ་དགའ་སྐྱེད། རྗེ་ར་ལོ་ཚང་སོགས་འབོད)ལགས་ནི། རབ་བྱུང་བཅུ་དྲུག་པའི་ཆུ་ཡོས་ལོའི་བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་ཨ་མདོ་མང་རའི་འཇག་རི་སུམ་མདོར་བདུད་ཤུལ་ཀླུ་ཚང་དུ་སྐྱེས། མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་ཀྱི་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ། སྔ་ཕྱིར་མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭ་དང་། ཧྲང་ཧའེ་ཟློས་གར་སློབ་གླིང་དང་། མཚོ་སྔོན་དགེ་འོས་སློབ་ཆེན་སོགས་འགྲིམས། གློག་བརྙན་སྐད་སྦྱོར་པ་དང་། འཁྲབ་འཁྲིད་པ། འཁྲབ་གཞུང་རྩོམ་པ་པོ། གར་སྟེགས་མདོ་འཛིན་པ། རླུང་འཕྲིན་འཁྲབ་རྗོད་པ། སྒྲ་བརྙན་རྩོམ་སྒྲིག་པ་བཅས་ཀྱི་ལས་ཀར་འཇུས་མྱོང་ལ། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་ནས་གསར་རྩོམ་གྱི་ལས་སུ་ཞུགས་ཏེ། སྒྲུང་གཏམ་དང་། སྙན་ངག ལྷུག་རྩོམ། འབོལ་རྩོམ། འཁྲབ་གཞུང་། གཞས་ཚིག་དང་རྡུང་ལེན་གླུ་ཚིག་སོགས་བརྩམས་ཆོས་འབོར་ཆེན་གསར་རྩོམ་མཛད། སྙན་ངག་ཆེད་བསྒྲིགས་དཔེ་དེབ་དང་། ཁ་ཤགས་དང་གར་ཆུང་། བྱིས་སྒྲུང་དང་བཤད་པ་སོགས་ཀྱི་ཆེད་བསྒྲིགས་སྒྲ་ཐག་དང་འོད་འཁོར་བཅུ་གྲངས་ལྷག་པར་དུ་བསྐྲུན། ཁོང་གིས་བརྩམས་པའི་སྒྲུང་གཏམ་དང༌། སྙན་རྩོམ། ལྷུག་རྩོམ་སྐོར་ཞིག་ཕྱོགས་བསྒྲིགས་དཔེ་དེབ་དང་ལྗོངས་ཞིང་ལྔའི་སློབ་གྲྭ་ཆེན་མོའི་རྩོམ་རིག་བསླབ་གཞིར་བདམས་ཡོད་ཅིང་། མདོ་དབུས་ཁམས་གྱི་གཞས་མཁན་མངཔོར་གཞས་ཚིག་བྲིས་མྱོང་བ་དང་། གློག་བརྙན་བོད་འགྱུར་མ་སོགས་ངག་ཐོག་གམ་ཡིག་ཐོག་བརྩམས་ཆོས་མང་པོར་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གཟེངས་རྟགས་ཐོབ་མྱོང་།།

ད་ལྟ། ཁོང་ཉིད་ཀྲུང་གོའི་རོལ་མོ་པའི་མཐུན་ཚོགས་ཀྱི་ཁོངས་མི་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁོངས་མི། མཚོ་སྔོན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁོངས་མི། མཚོ་སྔོན་རོལ་མོ་པའི་མཐུན་ཚོགས་ཀྱི་ཁོངས་མི། མཚོ་སྔོན་ཟློས་གར་པའི་མཐུན་ཚོགས་ཀྱི་ཁོངས་མི།  རྒྱལ་ཁབ་རིམ་པ་གཉིས་པའི་འཁྲབ་གཞུང་རྩོམ་པ་པོ་བཅས་ཡིན་པར་མ་ཟད། ཀྲུང་གོའི་སྒྱུ་རྩལ་པའི་མིང་མཛོད་ཆེན་མོ་དང་། ཀྲུང་གོའི་རིག་གནས་སྒྱུ་རྩལ་པའི་མིང་མཛོད་ཆེན་མོ་སོགས་སུ་ཁོང་གི་མིང་བཀོད་ཡོད་དོ།།

ཚབ་མཚོན་བརྩམས་ཆོས།

སྙན་རྩོམ་དེབ།《བྲག་རིའི་སྲས་མོ།》ཁ་ཤགས་ཆེད་བསྒྲིགས།《སྒྱུ་རྩལ་པ།》ཁ་ཤགས་ཕྱོགས་བསྒྲིགས།《ཁ་ཤགས་ཉིང་བསྡུས།》ཁ་ཤགས་གར་ཆུང་ཆེད་བསྒྲིགས།《འཚོལ།》 གར་ཆུང་ཆེད་བསྒྲིག།《ལྷ་སར་འགྲོ།》བཤད་པ་ཆེད་བསྒྲིགས།《ཅང་ཤེས་རྟ་བཤད།》བྱིས་སྒྲུང་ཆེད་བསྒྲིགས།《རི་བོང་བློ་ལྡན།》ཁ་ཤགས་ཆེད་བསྒྲིགས།《རུ་སྡེ་ཁྲ་མོ།》ཁ་ཤགས་ཆེད་བསྒྲིགས།《དཔོན་པོ་མཁྱེན།》གར་ཆུང་ཆེད་བསྒྲིགས།《གསེར་མདོག་གི་ཕ་ས།》(སྟོད་སྨད་ཆ།)གར་ཆུང་ཆེད་བསྒྲིགས།《རོལ་མོ་པ་དང་གྱེར་འདོན་མཁན།》(སྟོད་སྨད་ཆ།)གླུ་གཞས་བརྩམས་ཆོས་ཆེད་བསྒྲིགས།《གསེར་གྱི་སྐར་ཚོམ། སྨན་བླ་སྐྱབས་ཀྱི་གླུ་གཞས་བརྩམས་ཆོས་དགོང་ཚོགས།》(སྟོད་སྨད་ཆ།)བྱིས་གླུ་ཆེད་བསྒྲིགས།《བོད་ཀྱི་ན་ཆུང་བྱིས་པའི་གླུ་གཞས་གཟི་ཡི་ཕྲེང་བ།》ཁག་དང་པོ(CD) སོགས་ཡོད།

སྤྱི་ལོ་༡༠༠༤ལོའི་བོད་ཀྱི་ལོ་གསར་སྐབས། ཨ་མེ་རི་ཀར་རྒྱལ་སྤྱིའི་བོད་ཀྱི་བཤད་གད་ཟློ་གར་གྱི་བགྲོ་གླེང་འཁྲབ་སྟོན་ལ་ཞུགས་པ་དང་། སྐབས་བཅུ་གཉིས་པའི་ཧྲང་ཧའེ་རྒྱལ་སྤྱི་གློག་བརྙན་དུས་ཆེན་སྟེང་གཟེངས་རྟགས་ཐོབ་པའི་གློག་བརྙན་འཚོལ་ཞེས་པའི་འཁྲབ་སྟོན་པ་གཙོ་བོ་དང་། ༢༠༡༠ལོའི་བོད་ཀྱི་གློག་བརྙན་གྲགས་ཅན་དབུས་ལམ་གྱི་ཉི་མ་ཞེས་པའི་འཁྲབ་འཁྲིད་པ་གཞོན་པ།  ༢༠༡༥ལོའི་བོད་ཀྱི་གློག་བརྙན་གྲགས་ཅན་གཙང་པོ་ཞེས་པ་ཡི་སྒྱུ་རྩལ་མཛུབ་སྟོན་པ་བཅས་གནང་།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།