གངས་རིའི་དཔལ་མོ་ཆོས་དབྱིངས་སྐྱིད།

ཡོང་ཁུངས། ཙོང་ཁའི་སྐྱ་རེངས་འཕྲིན་སྟེགས།

༄༅༎གངས་རིའི་དཔལ་མོ། 

ཆོས་དབྱིངས་ཡེ་ཤེས་རོ་གཅིག་ཏུ།།

མཐོང་བ་བདེ་གཤེགས་ཏཱ་རེ་མས།།

བདེ་སྐྱིད་རྫོགས་ལྡན་རེ་བའི་མིར།།

གདུང་བའི་ཡུལ་ལ་བྱིན་སྩོལ་ཅིག།

ལེགས་བྱས་ཀྱོ་བ་རྣོན་པོའི་མཐུ།།

ཆོ༵ས་ཉིད་དམིགས་པ་མེད་པའི་དབྱིང༵ས།།

དགའ་སྐྱིད༵་འཛུམ་མདངས་གྲོལ་བའི་མིག།

ཡངས་པའི་ས་ཆེན་ཁྱོན་ལ་གཤེགས།།

གསེ༵ར་ལྷུན་ས་ལེ་སྦྲམ་གྱི་ལྗིད།།

གྱི༵་ལིང་རྟ་མཆོག་འདུར་བའི་ཟོང་།།

རྟག༵ས་མཚན་རྟེན་འབྲེལ་འབུམ་གྱི་དངོས།།

མ༵་བཅོས་སྐྱེས་སུ་ཐོབ་ལ་བསྔགས།།

བཻཌཱུར་ཞུན་མས་གཏམས་པའི་ཡུལ།།

རྩྭ་ལྗང་ཐགས་སུ་གྲུབ་པའི་གདན།།

དྲིལ་ཆུང་རྟེའུའི་གདངས་དང་ལྷན།།

ལང་ཚོའི་མེ་ཏོག་བཞད་ཅེས་གླེང་།།

ཆལ་ཆིལ་རླབས་དང་ཀློག་གི་སྒྲ།།

འདུར་གོམ་སྐྱི་གསུར་རླུང་གི་ཤུགས།།

ཅང་ཤེས་འཚེར་སྒྲ་ཐེབ་མོའི་སྒྲ།།

ཕན་ཚུན་འགྲན་པའི་ཟོལ་གྱིས་འཚོ།།

སུག་བཞིའི་རྨིག་སྒྲ་མ་ལྷོད་ཅིང་།།

དུས་བཞིར་གཡེལ་བ་མེད་པའི་འདུར།།

མདའ་བཞིའི་གཡང་དུ་བྱོན་པ་མོ།།

སྡེ་བཞིའི་འཕེལ་ཁ་འཛིན་ལ་ཕྱོགས།།

རྐང་ལག་སྒྲོག་གིས་མ་ཁོག་ལ།།

སྲབ་མེད་གངས་སེང་མི་ཕམ་བཞིན།།

ཞུམ་མེད་གཤིས་སུ་གྲུབ་པའི་སྟོབས།།

གོ་ལའི་ཁྱིམ་འདིར་ངང་གིས་འགྱིང་།།

དེ་ཡང་རྔུལ་ནག་རིལ་བུའི་ཕྲེང་།།

མིག་ཆུ་རླབས་རིས་འཕྱོ་བའི་གར།།

མཉམ་བསྲེས་གསེར་གྱི་ཁྲི་འཕང་ཆེར།།

མཆོད་པའི་སྤྲིན་ཕུང་ཐོག་མ་གཏིབས།།

བརྩེ་བའི་སེམས་དང་དུངས་པའི་ཤ།

ཟུང་དུ་སྦྱར་བའི་རྟགས་མ་འདིར།།

མིག་ཆུས་སྙིང་གི་ཟབ་སའི་དོང་།།

དྲུས་པ་ཁྱོད་མིན་སུ་ཡིས་རྟོགས།།

བགྲང་བྱ་བཅུ་གཅིག་ཟད་ཀྱང་རུང་།།

འདུར་གོམ་ཡ་ལད་བཙན་པོའི་སྟོབས།།

གཞར་ཡང་མ་ཞུམ་གད་རྒྱངས་ཀྱིས།།

ཡངས་པའི་ས་ཆེན་སྒུལ་ཅེས་གྲགས།།

དར་ཆེན་འགོམས་ཡུག་མི་བྱ་ཞིང་།།

སྨྲ་བརྗོད་ཚད་ལས་མི་འགོངས་པར།།

ཕྱོགས་བཞིར་དང་བས་གུས་ཕྱག་དེས།།

གངས་རིའི་རང་གཤིས་མཚོན་པར་བྱས།།

ལས་བྱས་མ་བྱས་ཆུད་མི་ཟ།།

འཁྲུལ་བྲལ་རྒྱལ་བའི་གསུང་ལ་བཞིན།།

ལེ་བར་སུམ་ཅུའི་འདུར་རྒྱུག་གི།

མཐའ་མ་གསེར་གྱི་རྫོང་བ་ཐོབ།།

བརྩེ་བའི་མི་དང་གཅེས་པའི་ཡུལ།།

རི་ཀླུང་ཀུན་ཏུ་འདུས་པའི་ཚོགས།།

ཕྱོགས་ལས་རྒྱལ་བའི་མཚན་མ་ལ།།

དར་ཚོན་མེ་ཏོག་ཆར་ཆེན་ཕབ།།

གངས་རིའི་དཔལ་མོ་དཔའ་བོའི་ཚུལ།།

ངག་རིག་དབྱངས་སུ་གྱེར་བའི་ཟོལ།།

ཐོས་པས་ཀུན་རྟོག་རླུང་དང་ལྷན།།

སྙན་ཚིག་དིང་རུའི་གདངས་འདི་འཆོར།།

ཅེས་པ་འདི་ཡང་ཕ་ཡུལ་གཅིག་པའི་བོད་མོ་ཆོས་དབྱིངས་སྐྱིད་ཀྱིས་སྐབས་བཅུ་དགུ་བའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སུ་ལེ་བར་སུམ་ཅུའི་ཕོ་མོའི་འདུར་རྒྱུག་ཁྲོད་གསེར་གྱི་རྟགས་མ་བཞེས་པ་མ་ཚད། འཛམ་གླིང་ཨོ་རྩལ་འགྲན་ཚོགས་ལས་ཐོབ་པའི་གསེར་གྱི་རྟགས་མའང་གསབ་འབུལ་ཐུབ་པའི་བྱེད་སྒོ་གཟབ་རྒྱས་ངང་སྤེལ་བའི་ཚུལ་ལས་བརྩམས་ཏེ། དཔྱད་བརྗོད་འདྲ་མིན་དུ་མ་ཞིག་དྲ་ལམ་ནས་མཐོང་བའི་རྐྱེན་བྱས། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་ཟུར་བ། རྨོངས་རྒན་གནམ་ལྷ་བཀྲ་ཤིས་ཀྱིས་༢༠༢༣ལོའི་སྤྱི་ཟླ་༡༠ཚེས་༡༠ཉིན་པེ་ཅིན་གྱི་རང་སྤྱིལ་ཉི་འོད་འཁྱིལ་བའི་ལྡིང་ཁང་དུ་འཕྲལ་བར་བྲིས་པ་དགེ་ལེགས་འཕེལ།།

རྩོམ་སྒྲིག་པ། ཁོན་ཐར་འཚོ།