རེབ་གོང་རྟ་གོའི་ལོ་རྒྱུས་རགས་བསྡུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རེབ་གོང་རྟ་གོ(1923---2000ལགས་ནི་གསེར་ལྗོངས་རིག་པ་འབྱུང་བའི་ཞིང་གི་རོང་འབྲོག་ཚོ་ལྔའི་ཡ་གྱལ་ཞོ་འོང་དཔྱིས་སྡེ་བར་རབ་བྱུང་བཅོ་ལྔ་བའི་ཆུ་ཕག་སྤྱི་ལོ༡༩༢༣ལོར་སྐུ་འཁྲུངས་ཤིང་། ཆུང་ངུའི་དུས་ནས་ཤེས་རིག་སྦྱོང་བ་ལ་བག་ཆགས་སད་པས་སྐྱབས་གཅིག་བླ་མ་ཚེ་ཐར་བ་འཇིགས་མེད་འོད་ཟེར་རྡོ་རྗེ་སོགས་མགོན་དགེ་བའི་བཤེས་གཉེན་མང་པོ་མཉེས་པ་གསུམ་གྱིས་བསྟེན་ཏེ་སུམ་རྟགས་དག་གསུམ་སོགས་རིག་གནས་ཀྱི་སྐོར་དང་། གསང་སྔགས་རྙིང་མའི་ཆོ་ག་ཆོས་སྤྱོད། ཕྱི་ཐུན་མོང་གི་སྔོན་འགྲོ་བློ་ལྡོག་རྣམ་བཞི་དང་། ནང་ཐུན་མིན་གྱི་སྔོན་འགྲོ་སྐྱབས་སེམས། རྡོར་སེམས་སྒོམ་བཟླས། ཚོགས་བསགས་མཎྜལ། བླ་མའི་རྣལ་འབྱོར་སོགས་ལ་གསན་བསམ་ལེགས་པར་མཛད་ཅིང་མཁས་པའི་སྙན་པ་ཕྱོགས་སུ་རྒྱས། སྔ་མོའི་དུས་ནས་སློབ་གསོར་དུངས་ཞེན་ཆེ་ཞིང་ལྷག་དོན་སློབ་གསོའི་གལ་ཆེན་རང་བཞིན་མཁྱེན་པ་མ་ཟད། གནས་གང་དུའང་སློབ་གསོ་དབུལ་མི་རུང་བ་དང་བྱིས་པ་སྡུག་མི་རུང་བའི་བསླབ་བྱ་ནན་གྱིས་གསུངས་པའི་མུར། 

རང་སྡེའི་དབུལ་ཕོངས་བུ་ཕྲུག་མི་ཉུང་བ་བསྡུས་ནས་ཡིག་རྨོངས་གཙང་སེལ་གྱིས་དུས་ནམ་ཡང་སློབ་གསོའི་ལས་དོན་གཙིགས་སུ་བཟུང་བས་ཕ་ཡུལ་མི་དམངས་ཀྱིས་དགའ་བསུ་ཆེན་པོ་ཐོབ། ༡༩༥༢ལོར་རྨ་ལྷོ་ཁུལ་ནས་བོད་ཡིག་སློབ་ཆུང་ཐོག་མ་བཙུགས་ཏེ་སྐུ་ཉིད་དགེ་རྒན་དུ་གདན་དྲངས་པ་དང་། རིམ་གྱིས་མཚོ་སྔོན་མི་རིགས་དགེ་ཐོན་སློབ་གྲྭ་དང་། རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ། རྨ་ལྷོ་སོག་རྫོང་མི་རིགས་སློབ་འབྲིང་སོགས་སུ་བྱོན་ཏེ་ཐུགས་བརྩེ་བ་ཆེན་པོས་གདུལ་བྱ་སློབ་བུའི་ཤེས་རྒྱུད་རིག་པའི་ཆབ་ཀྱིས་ཡོངས་སུ་བརླན་པར་བྱས། ༡༩༧༩ལོའི་ལོ་མཇུག་ཏུ་《མཚོ་སྔོན་སློབ་གསོ》རྩོམ་སྒྲིག་ཁང་དུ་ཕེབས་ནས་རྩོམ་སྒྲིག་པའི་ཕྱག་བཞེས་བསྐྱངས་ཞོར། མི་རིགས་སློབ་གསོ་དང་མི་རིགས་སྐད་ཡིག་གི་སྐོར་ནས་གསུང་རྩོམ་མང་དུ་མཛད།

གཞན་ཡང་། 《ཆུ་ངོགས་གཏམ་རྒྱུད》བོད་འགྱུར་མའི་ཞུས་ཆེན་ལོ་ཙྰ་བ་དང་། 《ལ་གཞས་གཞོན་ནུ་འགུགས་པའི་ལྕགས་ཀྱུ》དང་《གཏམ་དཔེ་མཐོང་བ་འཛུམ་ཤོར》གཉིས་ཀྱི་བསྡུ་སྒྲིག་པའི་གྲས་སུའང་ཞུགས་ཏེ་སྐུ་ངལ་བསྐྱོན་གནང་མཛད་པ་སོགས་མདོར་ན་སྐུ་ཉིད་ཀྱིས་མི་ཚེ་གང་བོར་བཅུ་ཕྲག་རིག་པའི་གཏེར་མཛོད་དུ་གྱུར་བའི་སྐྱེས་ཆེན་དུ་མའི་ཞབས་ཟུང་གཙུག་ཏུ་བཀུར་ནས་རིག་པའི་གཞུང་ལུགས་ལ་སྦྱངས་པ་རྡོ་རུས་ཐུག་པ་མཛད་པའི་འབྲས་རྟགས་སུ་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་སློབ་གསོ་དང་སྐད་ཡིག ལོ་རྒྱུས་སོགས་རིག་གཞུང་དང་འབྲེལ་བའི་རྣམ་པ་རྒྱ་ཆེ་ཞིང་དོན་གྱི་གཏིང་ཟབ་པའི་གསུང་རྩོམ་མི་ཉུང་བ་ཞིག་ཕྱི་རབས་རྗེས་འཇུག་ཚོགས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་སྨིན་ཡོད་ཅིང་། ད་ལྟ་ཁོང་གི་རིགས་སྲས་དང་ཞལ་སློབ་ཚོགས་ཀྱིས་དམ་པའི་མཛད་པར་རྗེས་སུ་ཡི་རང་གི་ཚུལ་དུ་《རེབ་གོང་རྟ་གོའི་གསུང་རྩོམ་ཕྱོགས་བསྒྲིགས》ཞེས་པའི་གསུང་འབུམ་བསྡུ་སྒྲིག་དང་པར་སྐྲུན་གྱི་ལས་ལའང་འབད་བཞིན་མཆིས།

སྤྱི་ལོ༡༩༨༥ལོར་རྒན་ཡོལ་གནང་ནའང་། སྔར་བཞིན་རིག་གནས་སློབ་གསོའི་ལས་དོན་ལ་ལྷོད་པ་མེད་པར། སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭ་དང་མཚོ་སྔོན་གློག་བརྙན་སྒྱུར་སྐྲུན་ཁང་། མཚོ་སྔོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་བཅུ་བཞི་ལྷག་གིས་གདན་དྲངས་ཏེ་མི་རིགས་སློབ་གསོ་དང་མི་རིགས་སྐད་ཡིག་བྱ་བའི་སྐོར་ལ་སློབ་ཁྲིད་དང་བློ་སྟོན་གནང་བ་སོགས་མཛད་འཕྲིན་རྒྱ་ཆེར་སྤེལ། ཁོང་དགུང་ལོ་དོན་བརྒྱད་བཞེས་པ་རབ་བྱུང་བཅུ་བདུན་པའི་ལྕགས་འབྲུག་སྤྱི་ལོ༢༠༠༠ལོའི་ཟླ༣པའི་ཚེས༡༤ཉིན་གནའ་མཁར་ཟི་ལིང་དུ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ།།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།