ཡེ་ཤེས་ཕུན་ཚོགས།
དང་པོ།
ཡི་གེ་ཞེས་པའི་ཐ་སྙད་ངོས་འཛིན།
སྤྱིར་ཡི་གེ་ཞེས་པར་སྒྲ་ཡངས་དོག་གཉིས་ནས་གོ་དགོས་ཏེ། སྒྲ་ཡངས་འཇུག་གི་ཡི་གེ་ནི་མིག་ཤེས་ཀྱི་གཟུང་བྱར་འགྱུར་བའི་རི་མོའམ་གཟུགས་སུ་རུང་བ་ཞིག་ཡིན་པ་དང་། དེ་ནི་འཛམ་གླིང་དུ་སྐད་ཡིག་ཡོད་པའི་མི་རིགས་ཡོད་དོ་ཅོག་གི་གསུང་རབ་བསྟན་བཅོས་དང་དམངས་སྲོལ། ལོ་རྒྱུས། ཆབ་སྲིད། དཔལ་འབྱོར། སྙན་ངག་བཅས་ཟིན་ཐོར་འགོད་བྱེད་དང་སྐད་སྒྲ་མཚོན་བྱེད་ཡི་གེའི་གཟུགས་ལ་ངོས་འཛིན་དགོས་ཤིང་། ཡི་གེ་ནི་སྐད་ཆ་འབྲི་བའི་བརྡ་རྟགས་ཀྱི་མ་ལག་ཅིག་ཏུ་གསུངས་པ་ལྟར། དེ་ནི་ཡི་གེ་བཏགས་པ་བར་གོ་དགོས། སྒྲ་དོག་འཇུག་གི་ཡི་གེ་ལ་སྐད་བརྡ་རིག་པའི་སྤྱི་བཤད་ལས“སྒྲ་གཤིས་ཀྱི་ཐོག་ནས་དབྱེ་ཞིབ་བྱས་ཏེ་སྐད་སྒྲའི་སྡེ་ཚན་ཆེས་ཆུང་མཐའ་ཞིག”དང་མིང་ཚིག་གྲུབ་བྱེད་ཀྱི་དངོས་རྒྱུ་དང་བརྒྱུད་རྒྱུ་ཡིན་ཏེ། རྟགས་འཇུག་གི་རྩ་བ་ལས“ཡི་གེའི་ཁོངས་ནས་མིང་དབྱུང་སྟེ།། མིང་གི་ཁོངས་ནས་ཚིག་ཕྱུང་ནས།། ཚིག་གིས་དོན་རྣམས་སྟོན་པར་བྱེད།”ཅེས་གསུངས་པའི་ཕྱིར་རོ།། སྐབས་སུ་བབས་པའི་ཡི་གེ་ཞེས་པའི་ཐ་སྙད་ལ་བསྟན་དར་ལྷ་རམས་པས་ཡི་གེ་ལ་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ཞེས་མཚན་ཉིད་དེ་ནུས་པ་དང་ངོ་བོའི་སྒོ་ནས་བཞག་པ་ཞིག་སྟེ། ནུས་པ་ནི་མིང་ཚིག་གཉིས་ཀྱི་བརྩམ་བྱའི་གཞི་དང་ངོ་བོ་ནི་སྐད་ཀྱི་གདངས་སོ། ། ཡི་གེ་རང་ཉིད་ལ་བརྩམ་བྱ་མེད་པ་ཞོར་དུ་གོ་ལ་ཡི་གེ་ནི་མིང་གི་མཐར་ཐུག་པ་ཞེས་པའང་གྲུབ་ཆ་ཆུང་ཤོས་ཡིན་པ་བསྟན་པ་ལས་མིང་གི་ཆ་ཤས་ལ་ངོས་འཛིན་བྱེད་མི་རུང་བས་ཡི་གེའི་ངོ་བོ་ནི་སྐད་ཀྱི་སྒྲ་གདངས་ཙམ་ལས་དོན་གང་ཡང་མི་སྟོན་པའི་ཕྱིར་དང་། ཡང་དཔང་ལོས་ཚོགས་གསུམ་གསལ་བ་ལས“དོན་གྱི་ངོ་བོ་སྟོན་པ་མིང་།། དེ་ཡི་ཁྱད་པར་སྟོན་པ་ཚིག། གང་ཡང་མི་སྟོན་ཡི་གེའོ།།“ཞེས་པ་ལས་ཡི་གེ་ནི་དོན་གང་ཡང་མི་སྟོན་པ་ཞིག་ལ་གོ་བའི་སྒྲུབ་བྱེད་གཉིས་པའོ།། ཁ་དང་ཉ་ལྟ་བུ་ཟ་བྱེད་ཁ་དང་ཆུ་ནང་ཉ་ལ་གོ་རུང་བ་ནི། དབྱངས་གསལ་འདུས་པའི་མིང་གི་བདག་ཉིད་ཅན་དུ་གྱུར་པ་གང་ཞིག དོན་གྱི་ངོ་བོ་ཙམ་སྟོན་པའི་ཕྱིར་ཏེ། ཁ་ལ་དབྱངས་ཨ་མཚམས་སྦྱར་ནས་རྗེས་འཇུག་འ་ཞུགས་ན་དོན་གྱི་ངོ་བོ་སྟོན་པའོ།། དེ་ལྟར་ཆ་རྐྱེན་གསུམ་པོ་ལས་གང་རུང་ཞིག་མ་ཚང་ཚེ་དོན་མི་སྟོན་པས། ཁ་དང་ཉ་ལ་དབྱངས་ཨ་ཞུགས་ན་སྒྲ་གསལ་བར་འདོན་བཏུབ་པ་ཡིན་ཡང་དོན་མི་སྟོན་པ་ནི་སུམ་ཅུ་པའི་རྩ་བ་ལས“རྗེས་འཇུག་བཅུ་པོ་མ་ཞུགས་ན།། མིང་གཞན་སྦྱོར་བ་ཡོད་མི་སྲིད།།”ཅེས་གསུངས་པ་ཇི་བཞིན་དང་། ཡང་རྗེས་འཇུག་ཡོད་ཀྱང་དབྱངས་ཨ་མེད་ན་མི་ཆོག་སྟེ།“མོ་ཡི་ཡི་གེ་མེད་པས་ན།། ཕོ་ཡིག་བརྗོད་པ་མེད་པར་འགྱུར།།”ཞེས་གསུངས་པ་བཞིན་ནོ།། དེ་བཞིན་ཡེ་གེའི་མཚན་ཉིད་ལ་སྒྲ་འཇུག་ཏུ། སྒྲ་གང་ཞིག་འབྲུར་ཆགས་པ་ཞེས་པ་ནི། སྒྲ་ཞིག་འབྲུར་ཆགས་པ་ཞེས་གཟུགས་ལ་ངོས་བཟུང་ན་ས་པཎ་གྱི་དགོངས་པ་དངོས་དང་འགལ་བར་སྙམ་སྟེ། སྒྲ་ནི་འཇིག་རྟེན་སྟེང་གི་སྒྲ་སྣ་ཚོགས་ཡོད་པ་ལས་སྐྱེས་བུའི་སྐད་ཀྱི་གདངས་ཡིན་པ་གང་ཞིག་འབྲུ་ནི་རྡོག་པོའམ་རྡོག་པོ་ཆུང་ཆུང་ལ་གོ་དགོས་པས་སྐད་ཀྱི་གདངས་དེ་ཆེས་ཆུང་མཐར་བསེད་ནས་སྐད་སྒྲའི་རྡོག་པོ་ཆུང་ཆུང་ལ་ངོས་འཛིན་དགོས་པ་དཔེར་ན། ཨི། ཨུ་ལྟ་བུའི་དབྱངས་དང་། ཀ་དང་ཁ་ལྟ་བུའི་གསལ་བྱེད་ཀྱི་རིགས་སོ།།
དེ་བཞིན་དུ་རྩ་བར། “ཡི་གེ་ཨཱ་ལི་ཀཱ་ལི་གཉིས།”ཞེས་པ་དང་སྐད་བརྡ་རིག་པའི་སྤྱི་བཤད་ལས“སྒྲ་རྒྱུ་ལ་དབྱེ་ན་རིགས་ཆེན་པོ་གཉིས་ཏེ། དབྱངས་དང་གསལ་བྱེད་དོ། །”ཞེས་པ་གཉིས་སྒོ་ཡོངས་སུ་མཚུངས་པས། སྐད་གདངས་དང་ཡི་གེ སྒྲ་རྒྱུ་གསུམ་དོན་གཅིག་མིང་གི་རྣམས་གྲངས་ཡིན་ནོ། །
གཉིས་པ།
ཡི་གེའི་རྒྱུ།
སྐབས་སུ་བབས་པ་ཡི་གེའི་རྒྱུ་ནི་ཡི་གེ་སྐྱེ་བར་བྱ་བའི་རྒྱུ་སྟེ་ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་ལས་ཉེར་ལེན་གྱི་རྒྱུ་མ་ཡིན་ཏེ། སྐྱེས་བུའི་ངག་གིས་ཟིན་པའི་སྒྲའི་ཐུང་མཐར་གྱུར་པ་ཡིན་པའི་ཕྱིར་རོ།། དཔང་ལོ་ཆེན་པོས། “བརྗོད་འདོད་དབང་གིས་རླུང་གཡོས་ཤིང་།། དེ་ཡིས་གནས་དང་བྱེད་པ་དང་།། རྩོལ་བ་བསྐྱེད་དེ་དབུགས་འབྱུང་དང་།། ལྷན་ཅིག་ཡི་གེའི་གདངས་རྣམས་སྐྱེ།།”ཞེས་ལས་རྣམ་རྟོག་དང་རླུང་། གནས། བྱེད་པ་བཅས་རྒྱུ་བཞི་རུ་གསུངས་ལ། རླུང་སོགས་གཡོས་ཏེ་གནས་སོགས་ལ་འཕྲད་ནས་རྩོལ་བས་ཡི་གེའི་གདངས་རྣམས་སྐྱེ་བར་བྱ་བའི་སྔོན་དུ་སོང་བའི་རྒྱུ་བཞིའི་ཁོངས་སུ་ཡིན་པ་དེ་ཇི་ལྟ་བུའི་སྒོ་ནས་ཡི་གེ་སྐྱེ་བར་བྱེད་དམ་ཞེ་ན། ཡིག་བཤད་མཁས་པའི་ཁ་རྒྱན་ལས།“གནས་ནི་གཞིའི་རྒྱུ་སྟེ། དྲིལ་བུའི་ཁོག་པ་ལྟ་བུའོ།། བྱེད་པ་ནི་ཡི་གེ་འབྱིན་པར་བྱེད་པའི་རྒྱུ་སྟེ། དྲིལ་བུའི་ལྕེ་ལྟ་བུའོ།། རླུང་ནི་སྐྱོད་པར་བྱེད་པའི་རྒྱུ་སྟེ། དྲིལ་བུ་སྐྱོད་པའི་ལག་པ་ལྟ་བུའོ།། རྣམ་རྟོག་དང་རྣམ་ཤེས་ནི་སྐུལ་བར་བྱེད་པའི་རྩ་བའི་རྒྱུ་སྟེ།། དྲིལ་བུ་འཁྲོལ་བར་བྱེད་པའི་སྐྱེས་བུ་ལྟ་བུའོ།།”ཞེས་གསུངས་སོ། །
གནས་ཀྱི་རྒྱུ་ནི་ཡི་གེ་རྣམས་སྐྱེ་བར་བྱ་སའི་ཡུལ་ལམ་སྐྱེ་གནས་ཤིག་སྟེ་སྲོལ་རྒྱུན་བརྡ་གཞུང་དུ། གནས་ལ་ཁོག་པ་དང་མགྲིན་པ། རྐན། ལྕེ། སྣ། སྤྱི་བོ། སོ། མཆུ་བཅས་ཁག་བརྒྱད་དུ་ཕྱེ་ཡོད།
བྱེད་པའི་རྒྱུ་ནི་ཡི་གེ་སྐྱེ་བར་བྱེད་པའི་ཐབས་ལྟ་བུ་ལ་གོ་དགོས་པར་སྙམ་སྟེ།སྒྲའི་སྐྱེ་གནས་ལ་རྣམ་རྟོག་གིས་བསྐུལ་བའི་རླུང་ངམ་དབུགས་རྣམས་ཇི་ལྟར་ཕྲད་པ་དང་ཅུང་ཟད་ཕྲད་པ། བཙུམ་པ། ཕྱེ་བ། དོག་པ། ཡངས་པ་སོགས་ལས་གནས་ཀྱི་རྩོལ་བ་མི་འདྲ་བའི་རྣམ་པ་ལས་ཡི་གེའི་གདངས་སྐྱེ་བར་འཇུག་སྟེ། ཁ་རྒྱན་དུ“བྱེད་པ་ནི་ལྕེ་དང་རྐན་གཉིས་གཙོ་བོ་ཡིན་ཞིང་། དེ་དག་གནས་རྣམས་སུ་ཕྲད་པའི་དབང་གིས་བྱེད་པ་རྣམ་དྲུག་བྱེད་དེ།”ཞེས་པ་དང“བྱེད་པ་འབྱིན་པར་བྱེད་པའི་རྒྱུ”ཞེས་བཞེད་པ་ལ་ལྕེ་རྐན་གཉིས་ཕན་ཚུན་འཕྲད་ཐབས་ལས་སྒྲ་སྣ་ཚོགས་འབྱིན་པ་དང་། དེ་ལས་བྱེད་པ་ནི་བྱེད་པ་པོ་ཕལ་བ་ལ་གོ་ན་ཆོག་སྟེ་བྱེད་པ་པོ་དངོས་ནི་སྐྱེས་བུའམ་སྐྱེས་བུའི་རྣམ་པར་ཤེས་པ་ཡིན།
རླུང་གི་རྒྱུ་ནི་སྐྱོད་པར་བྱེད་པའི་རྒྱུ་སྟེ། དྲིལ་བུ་སྐྱོད་པའི་ལག་པ་ལྟ་བུའོ།། ཞེས་གསུངས་པ་ལས་སྒྲ་བསྒྲགས་པར་བྱ་བ་ལ་སྐྱེས་བུའི་ལག་པ་དངོས་སུ་འགུལ་དགོས་པ་ལས་རྣམ་པར་ཤེས་པས་བསྐུལ་ཡང་ལག་པས་མ་སྒུལ་ན་སྒྲ་ནི་མི་འབྱུང་བ་དང་། བ་ཡ་ཏ་ཡི་རླུང་ནི་གོང་དང་མཚུངས་ཏེ་གླིང་བུ་དཀྲོལ་བའི་ཚེ་ཨི་ཁུང་དུ་དབུགས་འབུད་པ་དེ་ལྟ་བུ་དང་། ནིཤྭཱ་སྭཱ་ཡི་རླུང་ནི་དབུགས་རླུང་དེ་གནས་བརྒྱུད་ནས་ཕྱིར་སྒྲ་ཐོན་པ་དང་ལྷན་ཅིག་ཏུ་འབྱུང་བའི་དབུགས་དེ་དང་། སྒྲ་ཕྱིར་བུད་མཁན་གྱི་དབུགས་དེ་ཡིན་ནོ།།
རྣམ་པར་རྟོག་པའི་རྒྱུ་ནི་སྒོའི་གཞུང་སོགས་ཀྱི་ནང་དྲིལ་བུ་སོགས་འཁྲོལ་བར་བྱེད་མཁན་གྱི་སྐྱེས་བུ་ལྟ་བུའི་སྒྲ་འདོན་པར་བྱེད་པའི་རྩ་བའི་རྒྱུའམ་བསྐུལ་བར་བྱེད་པའི་རྒྱུ་ཞེས་གསུངས་པས་རྒྱུ་གཙོ་བོ་ཞིག་ཡིན།
གསུམ་པ།
ཡི་གེའི་དབྱེ་བ།
འཛམ་གླིང་ཐོག་ཏུ་མི་རིགས་ཡོད་དོ་ཅོག་གི་སྐྱེས་བུའི་ངག་ནས་བརྗོད་པའི་སྒྲ་གདངས་ལ་དབྱངས་གསལ་གཉིས་སུ་ཕྱེ་བ་ཡོད་དེ་ཁོ་ཚོའི་སྐད་ཆར་དོན་མི་མཚོན་པའི་སྒྲ་གདངས་ཀྱིས་ཁྱབ་ཡོད། དེ་ལ་དབྱེ་ན་དབྱངས་དང་ཀཱ་ལི་གསལ་བྱེད་དོ།།
གཅིག དབྱངས་བཤད་པ།
ལྗོན་དབང་དུ། “དབྱངས་ཀྱི་བྱ་བ་གསལ་པོ་རུ། །བྱེད་པ་ཨི་ཨུ་ཨེ་ཨོ་བཞི།།”ཞེས་པ་ལ་དེང་གི་མི་ཁག་ཅིག་གིས་ནང་དོན་དེ་ཙམ་གསལ་པོར་མ་རྟོགས་པ་དང་དངུལ་ཆུའི་དགོངས་པ་དངོས་ལ་གོ་འཛོལ་མཆིས་པས། སྐབས་བབ་ཀྱི་དགོས་མཁོར་དམིགས་ནས་གསལ་བཤད་ཅུང་ཙམ་བྱས་ན། དེའི་སྐབས་དབྱངས་ཀྱི་བྱ་བ་གསལ་པོར་བྱེད་པ་ཨི་ཨུ་ཨེ་ཨོ་བཞི་ཡོད་ཅེས་དངོས་སུ་བསྟན་ནས་ཤུགས་སུ་གོ་དགོས་པ་ནི་དབྱངས་ཀྱི་བྱ་བ་མི་གསལ་བ་ཨ་ཡང་ཡོད་ཅེས་པའི་དོན་ཡིན་ཏེ། དཔེར་ན། གསལ་བྱེད་ཀ་ལ་དབྱངས་ཀྱི་བྱ་བ་གསལ་བར་སྟོན་པའི་ཀི་ཀུ་ཀེ་ཀོ་ཞེས་གཟུགས་རིས་ནས་གསལ་བྱེད་ལ་དབྱངས་ཀྱིས་མཚམས་སྦྱོར་ཡོད་པ་མངོན་སུམ་དུ་མཐོང་རྒྱུ་ཡོད་པ་དང་ཀ་ཞེས་པ་ལ་དབྱངས་ཨ་མཚམས་སྦྱར་ཡང་མིག་གིས་མི་མཐོང་སྟེ་སློབ་དཔོན་ཐོན་མིས་མཚོན་བྱེད་ཀྱི་གཟུགས་རིས་གསར་དུ་མ་བཏོད་པའི་རྐྱེན་དང་ཀ་ལྟ་བུ་བརྗོད་དུ་རུང་བའི་སྒྲ་དེ་དབྱངས་གསལ་འདུས་མ་ཡིན།
དེ་བཞིན་དབྱངས་ཀྱི་མཚན་ཉིད་ལའང་དབྱངས་ནི་གནས་དང་བྱེད་པའི་རྣམ་འགྱུར་མི་གསལ་བར་ཞེས་པ་ནི་དབྱངས་ཀྱི་སྒྲ་འདོན་པའི་སྐབས་སྐྱེ་གནས་རྣམས་ཅུང་ལྷོད་ལྷོད་དང་རླུང་ལ་བཀག་འགོག་མི་ཐེབས་པའི་སྒྲའི་རང་བཞིན་དེ་ཡིན་པར་གོ་དགོས།
གཉིས། གསལ་བྱེད་བཤད་པ།
གསལ་བྱེད་ནི་གནས་དང་བྱེད་པའི་རྣམ་འགྱུར་གསལ་ཞེས་པ་དེ་དབྱངས་ཀྱི་ངོ་བོ་དང་བལྟས་ནས་བརྗོད་པ་ཞིག་སྟེ། དཔེར་ན། གསལ་བྱེད་ཀ་ཁ་ག་ང་ལྟ་བུ་ནི་ལྕེའི་རྩ་བ་དང་མགྲིན་པ་ཕྲད་པ་ལས་འབྱུང་བས་དབུགས་རྒྱུན་གྱིས་གནས་རྣམས་ལ་བརྡར་བའམ་ཅུང་ཟད་བརྡར་བས་སྒྲའི་རྣམ་ཆ་མི་འདྲ་བ་ཐོན་པ་ཞིག་ཏེ། དེ་ནི་གཙོ་བོ་དབྱངས་དང་ལྟོས་བཅས་ཀྱིས་བརྗོད་དགོས་པས་རླུང་ལ་བཀག་འགོག་ཐེབས་པ་དང་གནས་སོགས་ལ་རྩོལ་བ་ལྡན་པས་གནས་དང་བྱེད་པའི་རྣམ་འགྱུར་གསལ་ཞེས་བརྗོད་པ་ཡིན།
མདོར་ན་རྩོམ་ཐུང་འདིའི་ནང་མཁས་པའི་ཚུལ་དུ་སྤྱི་ལ་གྲགས་པའི་ལྟ་ཚུལ་ཏེ་ཡི་གེ་བཏགས་པ་བ་དང་ཡི་གེ་དངོས་ཀྱི་ཁྱད་པར་གཙོ་བོར་བཟུང་ནས་བཤད་ཡོད་དེ།ཚོགས་གསུམ་དུ་ཕྱེ་བའི་ཡི་གེའི་ཚོགས་དང་སྒྲ་མཚོན་གྱི་ཡི་གེའི་གཟུགས་དེ་གཉིས་བོད་སྐད་བརྡ་སྤྲོད་གཞུང་དུ་དབྱེ་བ་གསལ་པོར་འབྱེད་དགོས་ལ། སྒོས་སུ་ཆེས་དམའ་ས་ནས་བོད་སྐད་ཡིག་ལ་ཐོས་བསམ་བྱེད་མཁན་རྣམས་ལ་ཡི་གེ་ཞེས་པའི་ཐ་སྙད་ལ་ངོས་བཟུང་བ་ནོར་བ་དང་། ཡི་གེའི་ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་ལ་གོ་བ་གཏིང་ཟབ་ཞིག་ལོན་མི་བཏུབ་པ། དེ་བཞིན་དབྱངས་གསལ་གྱི་ཁྱད་པར་དང་ངོ་བོ་ལ་གོ་ལྡོག་ཡོང་རྐྱེན །ཕྲན་ནས་རང་ནུས་གང་ལྕོགས་ཀྱིས་སྔར་གྱི་མཁས་པའི་བཞེད་དགོངས་གསལ་བར་བཀྲོལ་བ་ཙམ་ཡིན་ནོ། །
དཔྱད་གཞིའི་ཡིག་ཆ།
1.ཧཱ་ཁན་དང་བསོད་ནམས་ཚེ་རིང་། 《སྐད་བརྡ་རིག་པའི་སྤྱི་བཤད།》[M]ཀྲུང་དབྱངས་མི་རིགས་སློབ་ཆེན་དཔེ་སྐྲུན་ཁང་། 2022ལོའི་ཟླ6པ།
2.ས་པཎ། 《ས་པཎ་ཀུན་དགའ་རྒྱན་མཚན་གྱི་གསུང་འབུམ།》[M]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2020ལོའི་ཟླ8པ།
3.ས་པཎ་ཀུན་དགའ་རྒྱལ་མཚན་སོགས། 《སུམ་རྟགས་དང་དག་ཡིག》[M]མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ12པ།
4.དྲན་པའི་ཡེ་ཤེས། 《སྨྲ་སྒོ་མཚོན་ཆ།》[M]མི་རིགས་དཔེ་སྐྲུན་ཁང་། 2011ལོའི་ཟླ1པ།
(རྩོམ་པ་པོ་ནི་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི2020ལོའི་ཞིབ་འཇུག་སློབ་མ་ཡིན།)
རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།