ཁེར་གཞས་གཉིད་མ་སད། འཆི་མེད།

ཡོང་ཁུངས། : མཚོ་སྔོན་པོ་དྲ་བ།

  འཇུ་ལག་ཆུ་མོའི་འགུག་མཚམས་ལྷོ་ནས་མེ་ཏོག་ཉ་མོ་རྩེས་ན་བརྩེས།།
ཁ་བ་དཀར་པོ་ལྷབ་སེ་བབས་ནས་ལྕང་ལོའི་ལན་བུ་བཏུམ་ན་བཏུམསས།།
ཁྲི་ཤོར་རྒྱལ་མོའི་ཟེགས་མ་ཐོར་ནས་མིག་དང་རྣ་བ་བརླན་ན་བརླན།།
ལག་པ་བརྐྱངས་ནས་གར་འདི་འཁྲབ་འདོད་རལ་པ་ག་ཚོད་གྲོགས་སུ་ཡོད།།

གཙང་བོ་བཞུར་སའི་ལྷ་ལྡན་གཞུང་གི་ཕོ་བྲང་དཀར་དམར་བརྡུངས་མ་འདྲ།།
ཇོ་མོ་སྒྲོལ་མའི་སྤྲུལ་པ་ཡགས་མོ་ཨ་ཅེ་ཀོང་ཇོ་ག་པར་མཆིས།།
ཐུན་མཚམས་སྤྲིན་པར་བསྙོན་འགེལ་མ་གནང་སེར་པོ་ཡིན་པ་ཉི་འོད་ལགས།།
གྱ་གྱུའི་འགྱུ་སྟབས་གཅིག་ཏུ་མ་ངེས་དེ་ཡང་མི་སྡོད་ལྷགས་པས་བྱས།།

ཁ་བ་མ་དཀར་ཁ་བ་དཀར་སོང་གངས་རི་མ་མཐོ་གངས་རི་མཐོ།།
ཨེ་མ་ཉི་མའི་ཟེར་མ་དྲོན་མོ་སེམས་ཀྱི་གསོས་སུ་བབས་པ་ལེགས།།
ཡུན་རིང་རྨས་པའི་རི་དྭགས་རྨས་མ་ད་ལོ་བདུད་རྩིའི་གསོལ་སྨན་འཁྱིལ།།
ཤ་བའི་བརླ་དང་ཡུ་མོའི་འཕོང་ལ་བྱ་སྒྲོ་བཙུགས་ཏེ་མཐོངས་སུ་འཕུར།།

ས་སྲོད་ཅིག་གི་གྲིབ་ནག་འོག་ནས་ཁ་རོག་འཇབ་སྟེ་ཕར་ཕར་བསྙེགས།།
ལག་པས་ཟིན་སྙམ་རྐང་བས་སླེབས་སྙམ་སོང་གིན་སོང་གིན་འཇའ་ཚོན་ཉིད།།
ནམ་གུང་ཡོལ་ཡང་འཛིན་རྒྱུ་མ་རྙེད་སང་ཉིན་ཉི་མའི་དྲོད་ལ་རེ།།
ལམ་འགྲམ་འདི་ནས་ཅི་ཡང་མ་མཐོང་བོང་བུ་མང་པོ་ལོ་ལོན་འདུག།

ལྕང་མ་ཡོམ་ནས་ལྷ་ཤིང་ཡིན་ཟེར་ཙི་གུ་འགྱིང་སྟེ་སྟག་ཡིན་ཟེར།།
གྲོག་མ་ལངས་ནས་འགྲོ་ལམ་བཀག་བྱུང་ཁྱུང་ཡིན་ཟེར་ནས་སྦྲང་ནག་འཕུར།།
མ་གཉིད་ན་ཡང་གཉིད་དང་མཚུངས་པའི་རྨི་ལམ་འདི་དག་ཡ་རེ་ང་།།
ས་གཞི་འདར་འདར་ནམ་མཁའ་ཡོམ་ཡོམ་འཁྲུལ་སྣང་འདི་ནི་ནམ་ཞིག་ཡལ།།

སྲས་སྲོས་མི་རྒྱུད་ལྷ་ནས་ཡོང་ཟེར་བཙན་པོ་ཡིན་པས་མཐའ་བཞི་བཏུལ།
སོག་མ་བསྡམས་ནས་གསེར་ཤོག་རེད་ཟེར་གོམ་གང་སོང་ན་ནར་མ་ནུར།།
ཆུ་གཙང་ས་གཙང་དར་གོས་ཁུད་ནས་སྦྲང་རྩི་བུ་རམ་བཞིན་དུ་ལྡག།
ས་འདི་མ་ལོབས་ཆུ་འདི་མ་འཕྲོད་ད་ནི་འཕུར་ཏེ་འབྲོ་དགོས་སམ།།

སྔོན་མོ་ནས་ཀྱང་སྔོན་མོ་མ་རེད་འོ་མའི་མདོག་ཀྱང་ལྗང་ཁུར་གྱུར།།
ཆུ་སྲམ་རྐྱལ་བའི་གྲུ་ཁེམ་མ་མཐོང་ཆུ་རླབས་ཆེ་བ་ཆུ་མཐར་ཐོན།།
བྱང་གི་སྐར་མ་ས་ལ་བབས་ནས་གཞིས་ཀྱི་རི་མོ་སྣ་ཚོགས་འབྲི།།
རང་སེམས་དར་ཅིག་འཁྲེང་འཁྲེང་མིན་ན་རྐང་མགོ་འདི་ཡང་འཚོང་བར་འགྱུར།།

བཅོ་ལྔའི་ཟླ་བའི་གདོང་ལ་བལྟས་ནས་རང་ཡང་དེ་བཞིན་དཀར་ན་བསམས།།
རྨ་འབྲུ་གཙང་བོའི་རྒྱུན་ལ་སྲེད་ནས་རང་ཡང་དེ་བཞིན་བཞུར་ན་སྙམ།།
བྱང་སྣེའི་འཁྱག་རོམ་སེམས་ལ་གླན་ནས་རང་ཡང་དེ་བཞིན་འཁྱག་ལ་རངས།།
སེམས་ཀྱི་སྣང་བ་བན་བུན་ལྗན་ལྗིན་སྨུག་ལོང་ཀློང་ནས་གོམ་ཁ་འཁྱོར།།

ཡར་འགྲོས་ཡར་ལ་འགྲོ་འོ་ཟེར་ཞིང་མར་འགྲོས་མར་ལ་འབབ་པོ་གསུངས།།
ཤར་ནུབ་ལྷོ་བྱང་ཀུན་ནས་ཡོང་སྟེ་བདག་ལུས་ཕྱོགས་བཞི་མཚམས་བརྒྱད་འཐེན།།
གློ་རྡེག་མཐའ་ཁོར་འཇའ་རུ་གྱུར་པས་བདག་ཀྱང་དྲོན་མོའི་མལ་ལས་སད།།
ཀྱེ་ཀྱེ་གཉིད་དུ་ཡུར་བའི་མི་ལ་གཉིད་མ་སད་ང་གནོང་དགོས་སམ།།

རྩོམ་སྒྲིག་པ། : ཤ་མོ་འཚོ།