ངའི་ཕ་ཡུལ་གྱི་ལོ་སར་དར་མཆོད།

ཡོང་ཁུངས། མཚོ་སྔོན་པོ་དྲ་བ།

  དེ་ཡང་། ལོ་རྒྱུས་ལས། “བོད་དུ་ལོ་རེའི་སྟོན་ཀའི་དུས་སུ། ཤྭ་ཕོ་རུ་རྐྱང་གི་མཆོད་པ་དང་དགུན་ཁའི་དུས་སུ་བོན་ལྷ་དམར་མཆོད། དཔྱིད་ཀའི་དུས་སུ་ཡུ་མོའི་བྱིན་བྲེག་གི་མཆོད་པ། དབྱར་ཁའི་དུས་སུ་བོན་སྟོན་བསང་མཆོད་སོགས་དཀར་མཆོད་དང་དམར་མཆོད་འབུལ་ཚུལ་མི་འདྲ་བ་མང་པོ་ཡོད་པ་དེ་བཞིན། ངའི་ཕ་ཡུལ་དུའང་གནའ་ནས་བརྒྱུད་པའི་དགུན་ཐོག་གི་མཆོད་པ་མགོ་མཇུག་ཚང་མོ་ཞིག་གི་རྒྱུན་སྲིང་བཞིན་ཡོད།

  མཆོད་པ་འདི་ནི་ལོ་རེའི་ལོ་སར་ཐོན་ལ་ཉེ་སྐབས། འདུན་མེད་པའི་ཁྱིམ་ཚང་དག་གིས་ཆུ་འགྲམ་དང་གྲམ་གཞུང་སོགས་ནས་དར་བཏོན་ཏེ་རང་གི་གཞིས་ཀའི་ཕྱིའི་ལྕགས་རི་དང་། ནང་གི་ཁང་ཁྱིམ་སོགས་ལ་དར་གྱི་མཆོད་པ་འབུལ་བ་ཞིག་ཡིན་ཞིང་། དེའི་མིང་ལ་ང་ཚོའི་ཡུལ་སྐད་དུ་ལོ་སར་དར་འཇོག་ཅེས་འབོད་ཀྱིན་ཡོད་མོད། དོན་ལ་ལོ་སར་དར་མཆོད་ཅེས་བརྗོད་ན་དོན་ལ་གནས་པར་བསམས།

         ངའི་ཕ་ཡུལ་གྱི་ལོ་སར་དར་འཇོག་གམ་ལོ་སར་དར་མཆོད་འབུལ་བའི་དུས་ཚོད་ནི་དུས་ཚིགས་བཞི་ཡི་ཐ་མ་དགུན་གྱི་དུས་ཚིགས་ཏེ་རྒྱ་ལོ་ཚེས་གཅིག་གི་སྔ་ཉིན་ཏེ། གནམ་སྟོང་ཡོད་ན་གནམ་སྟོང་དང་། གནམ་སྟོང་མེད་ཚེ། བོད་ལོ་ཚེས་ཉེར་དགུའི་ཕྱི་དྲོའི་མཚམས་ཀྱི་དར་ཉི་མས་ཞི་མི་ཐུབ་པའི་མཚམས་དེ་ཡིན་ལ། མཚམས་དེར་ཁྱིམ་ཚང་རེ་རེས་དར་མཆོད་འབུལ་བའི་འགོ་བརྩམས་ཏེ་ཉི་ནུབ་ཀྱི་མཚམས་སུ་མཇུག་བསྡུ་བ་ཡིན།

  ངའི་ཕ་ཡུལ་གྱི་ལོ་སར་དར་མཆོད་མ་ཕུལ་སྔོན་དུ་ཐོག་མར་ཁྱིམ་ཚང་རེ་རེས་གཙང་སྦྲ་བྱེད་པ་ཡིན་ཞིང་། གཙང་སྦྲའི་སྔ་རོལ་ཏུ་རང་རང་གི་ཕྱུགས་རིགས་ར་ལ་བསྡུས་ནས། དེས་གཙང་སྦྲའི་རྗེས་ཀྱི་ཁོར་ཡུག་གི་དག་གཙང་ལ་འབག་བཙོག་མི་བཟོ་བའི་ཁག་ཐེག་བྱེད་པ་ཡིན། ཁག་ཐེག་དེའི་རྗེས་མཐུད་དེ་རང་ཁྱིམ་གྱི་སྒོའི་ཕྱི་ནང་བར་གསུམ་ནས་ཉེ་རྒྱང་གི་སྲང་ལམ་དང་གཞུང་ལམ་སོགས་ཕྱགས་ནས་གཙང་སྦྲ་རྒྱ་ཆེར་བྱེད་པ་ཡིན་ལ། གཙང་ཕྱགས་རྒྱ་ཆེན་གྲུབ་རྗེས་ད་གཟོད་ལོ་སར་དར་མཆོད་འབུལ་བའི་འགོ་རྩོམ་པ་ཡིན།

  ངའི་ཕ་ཡུལ་གྱི་ལོ་སར་དར་མཆོད་འབུལ་མཁན་ལ་ཆ་རྐྱེན་ལ་མང་པོ་མེད་ཀྱང་དེ་ནི་དར་སྣོད་འདེགས་དུས་སྐྱེས་པ་སྐྱེས་མ་འཁུར་ཤེད་འཛོམས་པ་ཞིག་དང་སྐས་དང་མཁར་ཁར་འགོ་དུས་ཡང་རྩལ་ཆེ་ཞིང་སྙིང་སྟོབས་ལྡན་པ་ཞིག་ཅི་ནས་མཁོ། དེ་འདྲ་རང་ལ་མེད་ཀྱང་གཞན་ནས་སྟེན་དགོས་པ་ལས། ལོ་ལོན་རྒན་རྒོན་དང་བྱིས་པ་ཚོས་ཁོ་ཚོའི་ཚབ་བྱེད་མི་རུང་སྟེ། ལོ་ལོན་དང་བྱིས་པས་དར་འཁུར་ནས་མཁར་ཁ་དང་གྱང་ཁར་འགོས་ཚེ། མར་འདྲིལ་ནས་བཀྲ་ཤིས་རྟེན་འབྲེལ་འགོ་ནས་རྫོབ་པའི་ཉེན་ཁ་ཡོད་ལ་དོན་རྐྱེན་བཟོ་བའི་ཉེན་ཁའང་ཡོད་པ་རེད།

  དེ་ནས་དར་མཆོད་དངོས་སུ་འབུལ་ཚུལ་ལ་དར་མཆོད་འབུལ་མཁན་ཚོས་སྒྱེའུ་དང་རྒྱོ་བ། སླེ་བོ་སོགས་ཕྲག་ཏུ་འཁུར་བའམ། ཡང་ན་ཁུག་མ་ཆེ་ཆེ་ནང་ལ་དར་རྡོག་ཐེག་ཚད་རེ་བཏུས་ཤིང་བཏེགས་ཏེ་སྐས་རྐང་བརྒྱུད་ནས་ཁང་ཀླད་དུ་འབུད། སྔོན་གོམས་ཀྱིས་ཐོག་མར་ཁང་བའི་བྱ་ཁ་ནས་འགོ་ཚུགས་ཏེ་སྒོའི་མགོ མཁར་ཁ་སོགས་གནས་ཀྱི་མཐོ་ས་དག་ལ་མཆོད་འབུལ་བྱེད་པ་ཡིན་ལ། དེ་ནས་རིམ་གྱིས་གོང་ནས་ཞོལ་ཏེ་ལྷས་གོང་མའི་གྱང་ཁ་ནས་བར་མའི་གྱང་ཁ། བར་མའི་གྱང་ཁ་ནས་ཞོལ་མའི་གྱང་ཁ་རེ་རེར་འབུལ་བ་དང་། ཐག་ཉེ་ནས་ཐག་རིང་སྟེ། ཐག་ཉེའི་ལྕགས་རི་དང་ཕྱུགས་ར། ཕག་ར་དག་དང་། ཐག་རིང་གི་སྡོང་ར་དག་ལ་གོ་རིམ་ཡོད་པའི་སྒོ་ནས་མཆོད་པ་གཙང་མ་འབུལ་པ་དང་། མཆོད་པ་རེ་རེའི་བར་ཐག་ཀྱང་གཤིབ་པ་མིན་ལ་བཀྱེད་པའང་མ་ཡིན་པར་ཧ་ལམ་མི་དར་མའི་གཞུ་འདོམ་གང་རེའི་མཚམས་ནས་གཅིག་རེའི་ཚད་བཟུང་ནས་འབུལ་པ་ཡིན།

  ངའི་ཕ་ཡུལ་གྱི་ལོ་སར་དར་མཆོད་ཀྱི་འཛེམ་བྱ་ལ། མཆོད་པ་ཕུལ་བའི་རྗེས་ལ་ཚང་མས་ས་འཚུབ་རྡུལ་འཚུབ་བཏང་སྟེ་མཆོད་དར་ལ་བཙོག་པ་བཟོ་བ་དང་མཆོད་དར་གྱི་སྟེང་ནས་ཕར་ལྡིང་ཚུར་ལྡིང་དང་མི་འགོམས་ཁྱི་འགོམས་བྱས་ནས་མནོལ་ཕབ་པ་ལ་འཛེམ་དགོས་པ་ཡིན་ལ། འཛེམ་པ་དེ་ལས་ཀྱང་གལ་ཆེ་བ་ནི། ལོ་རྙིང་བའི་ནང་ལ་མི་ཤི་ནས་འདུན་བྱུང་བ་དང་། འདུན་མགོ་མ་ཚང་ལ་སྡུག་གི་མཐའ་མ་ཟད་པར་ཡོད་པའི་ཁྱིམ་ཚང་དག་གིས་བཀྲ་ཤིས་སྨོན་འདུན་དང་དགའ་དང་སྐྱིད་ཀྱི་རྣམ་པ་མཚོན་བྱེད་ཀྱི་རྟགས་སུ་གྲུབ་པའི་དར་མཆོད་འདི་འབུལ་མི་རུངས་པས་འཛེམ་དགོས་པ་དེ་ཡིན།

  སྤྱིར་ལོ་སར་དར་མཆོད་ཀྱི་རྒྱུ་ནི་དར་ཡིན་པས། ལོ་མ་སར་སྔོན་གྱི་གྲ་སྒྲིག་ནི་དར་འདོན་རྒྱུ་དེ་ཡིན། དར་ལ་གཙང་བཙོག་དང་ཡག་བཙོག་གི་བླང་བྱ་མ་གཏོགས་རེ་བ་ཅང་མེད་དེ། འབབ་རྒྱུན་གཙང་བའི་རྒྱུག་ཆུ་དང་མཚོ་ཆུ། གྲམ་ཆུ་དང་གཞུང་ཆུ། ན་ཆུ་དང་ཡུར་ཆུ་སོགས་ཀྱི་འགྲམ་ངོགས་གང་རུང་ནས་བཏོན་ཀྱང་ཁྱད་མེད། དར་འདོན་པའི་དུས་ཚོད་ལའང་གཅིག་གྱུར་གྱི་གཏན་ཁེལ་མེད་མོད། གོམས་གཤིས་ཀྱིས་བོད་ལོ་གནམ་སྟོང་ཡོད་ན་གནམ་སྟོང་གི་སྔ་དྲོ་དང་མེད་ཚེ་ཚེས་ཉེར་དགུའི་སྔ་དྲོའི་མཚམས་སུ་དར་འདོན་པ་ཡིན། དར་འདོན་པའི་ཉིན་དེའི་སྔ་དྲོར། རང་རང་ཁྱིམ་ཚང་གི་དགོས་མཁོ་ལྟར་ཁྱིམ་མི་ཚོས་དར་བརྐོ་བྱེད་ཀྱི་འཇོར་དང་དར་གཏུབ་བྱེད་ཀྱི་སྟ་རེ། བསྡུ་བྱེད་སྒྱེ་དང་རྒྱོ་བ། འདྲུད་བྱེད་ཀྱི་འཁོར་ལོ་བཅས་དྲུད་ནས་གྲམ་གཞུང་ངམ་ཆུ་འགྲམ་དུ་འཛོམས་ཏེ། རང་རང་ས་ནས་དར་གྱི་བང་རིམ་མཐུག་ཅིང་། མདངས་ལེགས་ས་བཙལ་ནས་དར་བརྐོ་བ་ཡིན།

  དར་བརྐོ་བ་ནི་བལྟས་ན་ལས་སླ་མོར་སྣང་ཡང་དོན་ལ་ཉམས་མྱོང་གི་ལས་ཀ་ཞིག་ཡིན་པས་ལས་དཀའ་མོ་ཞིག་ཡིན། ང་ཚོ་འདིར་ལོ་རེར་དར་བརྐོ་བའི་ལས་ནི་མི་བསམ་ཤེས་ཚོས་བྱེད། སྤྱིར་དར་བརྐོ་བ་ལ། ཤེད་ཤུགས་ཆེ་བས་མི་ཆོག ཤུགས་ཆེ་དྲགས་ཚེ་དར་ཧྲུག་ཅིང་སིལ་བར་འཐོར་ཏེ་རྡོག་པོ་ཆེར་མི་ལོན་ཞིང་། ཆུང་བས་ཀྱང་ག་ལ་ཆོག་སྟེ། འཇོར་སོགས་དར་གྱི་ཁ་ནས་ཤུད་དེ་གཏིང་དུ་ཟུག་དཀའ། ལོ་མང་པོའི་དར་བརྐོའི་ལས་ཀའི་ཁྲོད་ནས་ཡུལ་མི་ཚོས་བླངས་པའི་ཉམས་མྱོང་ནི། དར་བརྐོ་བ་ལ་ཐོག་མར་ཤེད་ཤུགས་རན་པའི་ངང་ལ་འཇོར་གྱིས་དར་ངོས་ཀྱི་གནས་གཅིག་ལ་གཏད་དེ་དལ་གྱིས་རྡེག་ཅིང་ཡུན་གྱིས་བརྡབས་ཏེ་དར་གྱི་གཏིང་རིམ་ནས་གཡོ་སྒུལ་གཏོང་དགོས་ཤིང་། དེ་ནས་གཡོ་སྒུལ་བཏང་བའི་རྗེས་ལ་ད་གཟོད་ཤེད་ཤུགས་ཡོད་དགུ་བཀོལ་ཏེ་གཞི་གཅིག་ལ་ཤུགས་ཀྱིས་བསྟུད་མར་བརྡབས་ཚེ། ད་གཟོད་ཆུ་ཤེལ་གུར་ཁང་འདྲ་བའི་དར་གྱི་བང་རིམ་བཀོག་ནས་ཐོན་ཐུབ་པ་དེ་ཡིན།

         མི་རྣམས་དད་པའི་དབང་གིས་མཆོད་དར་གཙང་མ། ལེགས་པ། ཆེ་ཆུང་རན་པ། དབྱིབས་ཟླུམ་པོའམ་སྟོར་གཟུགས་ཅན་གྱི་དར་རྡོག་ཅིག་ལེན་པར་གནའ་ནས་ལོབས་ཡོད་པས། དར་བསློགས་པའི་རྗེས་ཀྱི་བྱ་བ་གལ་ཆེན་པོ་ནི་དར་གཏུབ་རྒྱུ་དེ་རེད། དེ་ཡང་དར་གཏུབ་པ་ལ། གོང་དུ་བསློགས་ཟིན་པའི་དར་རྒན་སྒོ་ལེབ་འདྲ་བ་དག་གི་ཁྲོད་ནས་དར་གཙང་མ་ཡང་མ་བསལ་ནས་སྟ་རེས་གཏུབ་སྟེ་རྡོག་པོ་ཆུང་ཆུང་བཟོས་རྗེས། སྒྱེའུ་དང་རྒྱོ་བ་སོགས་སྣོད་གཙང་མའི་ནང་དུ་བསྡུས་ཏེ། རླངས་འཁོར་གྱི་གཞུག་སྒམ་དང་འདྲུད་འཁོར་གྱི་འདྲུད་སྒམ་ནང་བརྩིགས་ཤིང་དྲུད་དེ་སྡེ་བའི་ཆུ་ལམ་ནས་ཨ་ཀྱོག་པ་ཀྱོག་གིས་རང་ཡུལ་དུ་ལོག་འགྲོ་བ་ཡིན།

  ལོ་སར་དར་མཆོད་རྗེས་ཀྱི་རྣམ་པ་ནི་ཧ་ཅང་མཛེས་སྡུག་ལྡན་ལ་སྣང་བ་ནི་ཤིན་ཏུ་སྐྱིད་པ་ཞིག་ཡིན། རང་ཉིད་གློག་འོད་ཀྱི་རམ་འདེགས་ལ་འཁྲེང་ནས་རང་ཁྱིམ་གྱི་མཁར་སྟེང་དུ་བུད་དེ་ཉེ་རྒྱང་གི་ཁོར་ཡུག་ལ་རྒྱང་ལྟ་བྱས་ཚེ། མི་ཡུལ་གྱི་དགའ་སྟོན་ལ་ལྟད་མོར་ཕེབས་པའི་ནམ་མཁའི་སྐར་ཚོགས་ཀྱི་མཛེས་པ་འདི་ནས་མཐོང་ཐུབ་པར་མ་ཟད། མཛེས་པ་དེའི་ཕུགས་སུ་ཡིབ་པའི་རང་གི་ཕ་ཡུལ་གྱི་ཡུལ་མི་ཚོས་བདེ་སྐྱིད་ལ་སྨོན་པའི་ལྷག་བསམ་དང་རེ་བ། དགའ་བ་དང་དད་པ་གཙང་མའང་འདི་ནས་མཐོང་ཐུབ།

  སྤྱིར་ངའི་ཕ་ཡུལ་གྱི་ལོ་སར་དར་མཆོད་འདི་ནི་ང་ཚོའི་ཕ་མེས་སུ་ཞིག་གིས་དུས་ནམ་ཞིག་ལ་སྲོལ་བཏོད་པ་དང་། བཏོད་པའི་དམིགས་ཡུལ་དང་ཉིང་དགོས་ཅི་ཡིན་པ། བུ་དང་ཚ་བོ་སུ་ཞིག་གིས་རྒྱུད་འཛིན་དང་དར་སྤེལ་བཏང་ནས་ད་ལྟའི་ང་ཚོའི་མགོ་ཐོག་ཏུ་གཏུགས་པའི་ལོ་རྒྱུས་ཁུངས་ཐུབ་ཅིག་རྒན་གཞོན་སུ་ལའང་བསྙད་རྒྱུ་མེད་ནའང་། ཡུལ་མི་ཚོས་ལོ་རྙིང་བའི་ནང་ལ་རང་རང་གི་གཡང་གི་སྒོ་ར་གྲུ་བཞི་འདིའི་ནང་དུ་མི་ལ་ཤི་སྡུག་མེད་པའི་བཀྲ་ཤིས་དང་མི་དགའ་ལྷ་སྐྱིད་ཡིན་པའི་སྤྲོ་སྣང་མཚོན་པར་ཚེ་འཕེལ་སའི་མཁར་དང་། ཕྱུགས་འཕེལ་སའི་ར་སོགས་ལ་ལོ་སར་གྱི་གོ་སྐབས་བེད་སྤྱད་དེ་རང་གི་སེམས་འདུན་མཚོན་བྱེད་དུ་འབུལ་བའི་མཆོད་པའི་བྱེ་བྲག་ཅིག་ཏུ་བསམ་ནས། མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་འདི་མ་ཉམས་པར་དེའི་རྒྱུན་མུ་མཐུད་ཡུན་སྐྱོང་བྱེད་པ་འདི་ནི་དགའ་འོས་པའི་དོན་དག་ཅིག་ཅི་ལ་མིན།

         ཡིན་ནའང་། དཔལ་འབྱོར་གྱི་འཕེལ་རྒྱས་མགྱོགས་འགྲོས་ཟིན་དཀའ་བའི་དེང་གི་མཚམས་ལ། ངའི་ཕ་ཡུལ་གྱི་ལོ་སར་དར་མཆོད་འདི་ཡང་ཆེ་ས་ནས་སྡེ་བ་སྡེ་བའམ། ཆུང་ས་ནས་ཁྱིམ་ཚང་ཁྱིམ་ཚང་གི་འགྱུར་ལྡོག་དང་བསྟུན་ནས་འགྱུར་ལྡོག་འབྱུང་གིན་ཡོད། དེ་ཡང་ཁྱིམ་ཚང་ལ་ལས་དར་གྱི་ཐོན་ཁུངས་ཉུང་བ་དང་། དར་མདངས་ཞན་པ། ལས་ཀ་དཀའ་བར་ཁ་གཡར་ནས་གཅིག་སྤྱོད་ཤོག་ཕོར་ནང་དུ་ཆུ་མཆོད་ཕུལ་ཏེ་དར་བརྐོ་བ་དང་། དར་འདྲུད་པའི་སྲོལ་རྒྱུན་གྱི་ལས་ཀ་མང་པོ་ཞིག་སྟབས་བདེ་ཅན་དུ་བསྒྱུར་བཅོས་གཏོང་གིན་ཡོད་ལ། བསྒྱུར་བཅོས་གཏོང་སྟངས་འདིས། ནམ་ཞིག་ངའི་ཕ་ཡུལ་གྱི་སྲོལ་རྒྱུན་གྱི་ལོ་སར་དར་མཆོད་འདིའི་ངོ་བོ་དང་མཚོན་བྱ། རིན་ཐང་རྨང་ནས་མི་བསྒྱེལ་བའི་དམ་བཅའ་འཇོག་དཀའ་འོ། །

རྩོམ་སྒྲིག་པ། ཀླུ་མོ།