བོད་ཀྱི་གེ་སར་ཞིབ་འཇུག་པ་དང་མི་རིགས་སློབ་གསོ་བ་ཆེན་མོ་ནག་ཀྱཱ་བ་ཤ་བོ་ཚེ་རིང་ལགས་སྐུ་འདའ་ཁའི་ཞལ་ཆེམས་ཇི་བཞིན་ཁོང་གི་མ་དངུལ་ཁྲི་ཕྲག་བཅོ་བརྒྱད་རེབ་གོང་གྲོང་ཁྱེར་གྱི་སློབ་གསོའི་ཐེབས་རྩར་ཞལ་འདེབས་སུ་ཕུལ་བ།

ཡོང་ཁུངས། ཨ་མྱེས་གཉན་ཆེན་སྤྱི་སྟེགས། ལྷ་ཆེན་རྒྱལ།

1973ལོར་མདོ་སྨད་རེབ་གོང་གི་སྨད་པ་ནག་ཀྱཱ་སྡེ་བར་སྐྱེས། 1995ལོའི་ཟླ7པར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་སྡེ་ཁག་ནས་སློབ་མཐར་ཕྱིན། 1998ལོའི་ཟླ7པར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་སློབ་མའི་སློབ་གླིང་གི་གེ་སར་སྒྲུང་དང་བོད་ཀྱི་རྩོམ་རིག་ཞིབ་འཇུག་སློབ་མའི་འཛིན་གྲྭ་ནས་མཐར་ཕྱིན། 2012ལོའི་ཟླ1པར་ཕྱི་རྒྱལ་དུ་སློབ་འགྲིམས་སུ་བསྐྱོད། དབྱིན་ཇིའི་རཱེ་ཇེན་སློབ་གྲྭ་ཆེན་མོ་ནས་དབྱིན་ཇིའི་སློབ་གསོ་ལ་ཉམས་ཞིབ་མཛད། ཁོང་གིས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཀྲུང་གོ་བོད་ཀྱི་ཤེས་རིག་དང་བོད་ལྗོངས་ཞིབ་འཇུག་སོགས་དུས་དེབ་སྣ་ཚོགས་ཀྱི་སྟེང་དཔྱད་རྩོམ་ལྔ་བཅུ་ལྷག་སྤེལ་མྱོང་། 2011ལོར་བོད་ཀྱི་ཤེས་རིག་དཔྱད་འབྲས་སུ་ཕུལ་བའི་གེ་སར་སྒྲུང་དང་གནའ་བོའི་བོད་ཀྱི་དམངས་སྲོལ་ཞེས་པའི་ཆེད་རྩོམ་ཡིག་འབྲུ་ཁྲི35ལྷག་བརྒལ་བ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས། རེབ་གོང་རྫོང་དབྱི་ཧྥུ་མི་རིགས་སློབ་འབྲིང་སོགས་སུ་སློབ་མ་མང་དུ་བསྐྱངས་པར་མ་ཟད། རེབ་གོང་གྲོང་ཁྱེར་སློབ་དཔྱོད་ཁང་དུ་སློབ་གསོའི་བྱ་བཞག་ལ་ཤ་ཐང་དུ་འབད་འབུངས་གནངས་པ་དང་མདོ་སྟོད་སྨད་གཙོས་ས་ཁུལ་གང་མང་དུ་སློབ་གསོའི་འཆད་ཁྲིད་དང་ཚོགས་འདུ་རབ་དང་རིམ་པར་གཏམ་བཤད་མང་དུ་སྤེལ་བ་སོགས་རྗེས་སུ་ཡི་རངས་བྱ་དགོས་པའི་དོན་ཆེན་མང་པོར་དཀའ་ངལ་གདོང་གིས་བསུས་དང་བསུ་བའི་མོད་ལ་རྐྱེན་ངན་བར་ཆད་ནད་ཀྱིས་ལོ་ཤས་བསྙུངས་ནས་མཐར་2022ལོའི་ཟླ་12པའི་ཚེས་21ཉིན་སྐུའི་འཕེན་པ་རྫོགས།

སྤྱིར་རེབ་གོང་གི་རོང་ཕྱོགས་ཕལ་ཆེ་བར་གསོན་དགེ་བཅའ་བའི་དཔེ་སྲོལ་ཡོད་པ་བཞིན་ཁོང་གི(ནག་ཀྱཱ་བ་ཤ་བོ་ཚེ་རིང་) ནང་མི་གཉེན་ཉེ་ཀུན་ཀྱིས་ཀྱང་གསོན་དགེ་ཞིག་བཅའ་བར་བྱས་ཀྱང་། རྒན་གཤེགས་པ་ཁོང་གིས་"ང་ལ་གསོན་དགེ་བཅའ་མི་དགོས། གསོན་དགེ་བཅའ་བའི་མ་དངུལ་འདི་རྣམས་རེབ་གོང་གྲོང་ཁྱེར་སྲིད་གཞུང་གིས་བཙུགས་པའི་སློབ་གསོའི་ཐེབས་རྩ་ཚོགས་པར་འབུལ་རོགས"གསུངས་པ་ལྟར་དེ་རིང་དགེ་ལྕམ་ཀླུ་མོ་ཚེ་རིང་དང་བུ་མོ་ཆེ་བ་སྒྲོལ་མ་ཚེ་རིང་། བུ་མོ་ཆུང་བ་ཤ་བོ་འབྲུག་མོ་གསུམ་གཙོས་པའི་ཕུ་ནུ་ནང་མི་ཀུན་གྱིས་ཁོང་གཤེགས་པ་ཚང་གི་དགོངས་པ་བཞིན་རེབ་གོང་སློབ་གསོའི་ཐེབས་རྩར་མ་དངུལ་ཁྲི་ཕྲག་བཅོ་བརྒྱད་ཀྱིས་སྦྱོར་འཇགས་གནངས་འདུག་པ་འདིས་ཀྱང་བོད་ཁ་བ་གངས་ཅན་གྱི་སློབ་གསོ་ཡར་རྒྱས་དང་རྒན་ཁོང་གིས་མི་རིགས་སློབ་གསོར་བཅངས་པའི་ཕུགས་རེ་བླ་ན་མེད་པ་དེ་མཚོན་ཡོད་པས་གཞིས་བྱེས་བོད་རིགས་ཕྱི་རབས་པ་ཀུན་པོས་དམ་པ་ཁོང་དང་ཁོང་འདྲ་བའི་སྐྱེས་ཆེན་དག་གི་མཛད་འཕྲིན་མི་བརྗེད་པ་དང་རྒན་ཁོང་ལ་བར་དོར་འཇིགས་སྣང་མེད་པ་དང་ཕྱི་མ་བདེ་བ་ཅན་དུ་སྐྱེས་པའི་སྨོན་པ་དང་བཅས་འཕྲིན་སྟེགས་ཀྱི་དོ་དམ་པས་རེ་སྐུལ་བཞིན་དམ་པ་ཁོང་གི་སློབ་བུ་སྐར་ཚོགས་འདྲ་མའི་གྲལ་མཐའ་བ་འཇམ་དཔལ་ཚེ་རིང་གིས་2022ལོའི་ཟླ་12པའི་ཚེས་26ཉིན་རེབ་གོང་ནས་བྲིས།

རྩོམ་སྒྲིག་པ། སུང་ཆི།