བོད་ཀྱི་རྒྱན་གོས་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་གང་དག་ཡོད།

ཡོང་ཁུངས། : བོད་ཀྱི་རྒྱན་གོས། ཀླུ་མོ།

བོད་པའི་གནས་ཡུལ་ནི་འཛམ་གླིང་གི་ཡང་རྩེ་གངས་རི་ར་བའི་བསྐོར་བའི་བསིལ་ལྗོངས་མདོ་དབུས་མཐོ་སྒང་ཡིན་པས། སྤྱིར་ས་མཐོ་ལ་གནམ་གཤིས་འཁྱག་པ་སོགས་སྣོད་བཅུད་ཀྱི་རྒྱུ་རྐྱེན་གྱིས་བོད་ཀྱི་རྒྱན་གོས་ལ་མི་རིགས་གཞན་དང་མི་འདྲ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་གསལ་ལྡན་པ་ཡིན། རས་དང་གོས་ཕྲུག་ཚ་རུ་ལུག་ལྤགས་སོགས་ལས་བཟོས་པའི་ཕྱུ་བ་སློག་པ་གྱོན་ཏེ་སྐེ་རགས་འཆིང་བ།གསེར་དངུལ་གཡུ་བྱུར་ཁྱུང་གཟི་སོགས་ཀྱི་རྒྱན་ཆ་འདོགས་པ་བཅས་ནི་ཆོལ་གསུམ་བོད་རིགས་ཡོངས་ཀྱི་ཐུན་མོང་གི་ཁྱད་ཆོས་ཡིན་ལ། བྱེ་བྲག་ཏུ་ཡུལ་ལུང་སོ་སོའི་རང་བྱུང་དང་སྤྱི་ཚོགས་ཁོར་ཡུག ལོ་རྒྱུས་རིག་གནས་སོགས་ཀྱི་ཁྱད་པར་ལས་ཕྱུ་པ་སློག་པའི་རྒྱུ་ཆ་དང་བཟོ་ལུགས་གོན་སྲོལ། ཞྭ་ལྷམ་དང་། པང་གདན། རྒྱབ་གདན། མགོ་རྒྱན། སྐྲ་རྒྱན། རྣ་རྒྱན། སྐེ་རྒྱན། གདུ་བུ་སོགས་རྒྱན་ཆའི་བཟོ་དབྱིབས་ལ་ས་གནས་སོ་སོར་ཡང་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཕུན་སུམ་ཚོགས་པ་མངའ་བ་ཡིན།

རྩོམ་སྒྲིག་པ། : སུང་ཆི།