གཞིས་ཀ་རྩེ་ས་ཁུལ་གྱི་ཁོངས་གཏོགས་སུ་གཞིས་ཀ་རྩེ་གྲོང་ཁྱེར་དང་། རྒྱལ་རྩེ་རྫོང་། གཏིང་སྐྱེས་རྫོང་། རྣམ་གླིང་རྫོང་། རིན་སྤུངས་རྫོང་། པ་སྣམ་རྫོང་། ཁང་དམར་རྫོང་། ངམ་རིང་རྫོང་། གྲོ་མོ་རྫོང་།ལྷ་རྩེ་རྫོང་། གམ་པ་རྫོང་། འབྲོང་པ་རྫོང་། གཉའ་ལམ་རྫོང་། བཞད་ཐང་རྫོང་། སྨོན་རྫོང་། ས་དགའ་རྫོང་། དིང་རི་རྫོང་། ས་སྐྱ་རྫོང་། སྐྱིད་གྲོང་རྫོང་བཅས་གྲོང་ཁྱེར་དང་རྫོང་བཅོ་བརྒྱད་ཡོད། བོད་ཀྱི་ལོ་རྒྱུས་སུ་གཙང་ཞེས་ཟེར་ལ། གྱོན་ཆས་ལྷ་ས་ས་ཁུལ་དང་ཕལ་ཆེར་འདྲ་མོད། རང་གི་ཁྱད་ཆོས་ཀྱང་ཡོད་དེ། སྐྱེས་པའི་ལྭ་བ་གཙོ་བོ་སྣམ་བུ་དཀར་པོ་དང་ནག་པོ་ཡིན་ལ། གོང་བ་དང་ཕུ་ཁ། ཐུ་བའི་མཐའ་རྒྱན་དུ་སྣམ་བུ་ཐིག་མ་སྟེ་སྣམ་བུའི་ཐོག་ལ་ཀུ་རུ་ཁའི་ཐིག་ཁྲ་ཡིས་བརྒྱན་ཡོད། མགོ་ལ་རྒྱ་སེ་ཞྭ་མོ་ཡང་ན་རྒྱ་གར་ཞྭ་མོ་གྱོན། སྐྱེས་མས་ལྭ་རིང་ཕུ་མེད་དང་མདོག་ལྔའི་པང་གདན་འཆིང་། སྟོད་གོས་ཕུ་མེད་ཏང་ཚབ་ཅེས་པ་དང་གཟབ་མཆོར་གྱི་སྐབས་མགོར་སྤ་གོར་གོན། རྒྱལ་རྩེ་སྐྱེས་མས་སྤ་ལུང་གོན། མུ་ཏིག་དང་བྱུ་རུ། མ་ན་ཧོ། གཡུ་སོགས་ལས་བཟོས་པའི་གའུ་འདོགས། གཙང་མོས་ད་དུང་ཟངས་དང་དངུལ་ལས་བཟོས་པའི་སྐེད་ཏིག་ཅེས་པ་འདོགས་ལ། དེ་ནི་གཙང་གི་སྐྱེས་མའི་རྒྱན་ཆ་ཐུན་མོང་མ་ཡིན་པ་ཞིག་ཡིན། གཞིས་ཀ་རྩེ་ས་ཁུལ་གྱི་འབྲོག་ཕྱོགས་ས་མཐོ་ལ་གནམ་གཤིས་འཁྱག་པས་འབྲོག་པ་རྣམས་ཀྱིས་ལོ་ཧྲིལ་བོར་ཕལ་ཆེར་པགས་རྩག་གྱོན་པ་ཡིན། འབྲོག་ཁུལ་གྱི་པགས་རྩག་གི་ཕུ་ཁ་དང་ཐུ་བ་ཞེང་ཆེན་པོའི་མཐའ་རྒྱན་གྱིས་མཛེས་པར་བྱེད་པ་ཡིན།
གཞིས་ཀ་རྩེ་ས་ཁུལ་གྱི་བུད་མེད་རྣམས་ཀྱིས་པང་གདན་འཆིང་བར་མ་ཟད། ད་རུང་རྒྱབ་གདན་བཅིང་བའི་སྲོལ་ཡང་ཡོད། རྒྱབ་གདན་གྱི་ཆེ་ཆུང་པང་གདན་དང་འདྲ་མོད། དེ་ནི་རྒྱབ་ཕྱོགས་སུ་འཆིང་བ་ཡིན། པང་གདན་གྱི་རི་མོ་ནི་འཕྲེད་དུ་ཡིན་ལ་རྒྱབ་གདན་གྱི་རི་མོ་ནི་ཐུར་དུ་ཡིན།