ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། མཛེས་པའི་ཕ་ཡུལ།ཡུལ་སྲོལ།
འབྲོག་པའི་འཚོ་བར་དགེ་མཚན་འདི་དག་ཡོད།
ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  རྩོམ་སྒྲིག་པ། སུང་ཆི།  
སྤེལ་དུས། 2022-10-10 15:54:00

རྩོམ་པ་པོ། ཨ་གླག་རྒོད།

ངས་དུས་རྒྱུན་རང་གི་གྲོགས་པོ་གྲོགས་མོ་དང་གཉེན་ཉེ་བུ་ཕྲུག ལས་གྲོགས་དང་སློབ་མ་སོགས་རང་དང་འབྲེལ་བ་ཟབ་པའི་མི་ཚང་མར་སྲོལ་རྒྱུན་འབྲོག་ལས་ཀྱི་གལ་ཆེན་རང་བཞིན་བཤད་ནས་སྲོལ་རྒྱུན་འབྲོག་ལས་མྱུར་དུ་མི་ནུབ་པར་རེ་བ་འཆང་བཞིན་ཡོད་མོད། དོན་དངོས་སུ་ཕ་ཡུལ་ན་ངའི་སེམས་ཀྱི་ཞིང་ཁམས་ནས་ཡལ་བ་མེད་པའི་སྲོལ་རྒྱུན་འབྲོག་པའི་འཚོ་བ་རྒྱུད་འཛིན་བྱེད་མཁན་ཉིན་རེ་ནས་ཉིན་རེར་ཇེ་ཉུང་ནས་ཇེ་ཉུང་རེད། དེ་ཡང་ངའི་ཕ་ཡུལ་ཁོ་ན་མ་ཡིན་པར། མདོ་དབུས་ཁམས་གསུམ་གྱི་ས་གནས་མང་པོ་ཞིག་གཅིག་མཚུངས་རེད། འོན་ཀྱང་དགུ་ཆད་ན་བཅུ་མཐུད་ཟེར་བའི་དཔེ་ལྟར་ངས་ད་དུང་ཨུ་ཚུགས་ཀྱིས་འབྲོག་ལས་འཛིན་པར་རེ་བ་རྒྱག་གི་ཡོད། དེ་ཡང་ང་རང་རྟ་ནོར་ལུག་གསུམ་ལ་དགའ་བ་ཁོ་ནས་མ་ཡིན་པར་སྲོལ་རྒྱུན་འབྲོག་པའི་འཚོ་བ་ལ་དགེ་མཚན་མང་པོ་ཞིག་ཡོད་པ་ལས་རེ་འགའ་དཔེ་རུ་དྲངས་ནས་ཡང་བསྐྱར་ཡི་གེ་ཞིག་འབྲི་ན་འདོད་སོང་།

༡ ཡ་རབས་བཟང་སྤྱོད་དང་དགེ་ལས་ནི་འབྲོག་པའི་སྲོལ་རྒྱུན་རིག་གནས་ཤིག་ཡིན།

ཡ་རབས་བཟང་སྤྱོད་ནི་རྒྱལ་ཁབ་དང་མི་རིགས། ཆོས་ལུགས་དང་ལྟ་གྲུབ་སོགས་ཀྱི་ཁྱད་པར་དང་རྒྱལ་མཚམས་ཀྱི་དབྱེ་བ་མེད་པར་འགྲོ་བ་མི་ཐམས་ཅད་ལ་མཁོ་ཞིང་ཉག་པ་ཞིག་རེད། དྲ་བའི་དུས་རབས་འདིར་འཛམ་གླིང་ལག་མཐིལ་དུ་བླངས་པ་ལྟར་ཧ་ཅང་གསང་བ་མ་ཡིན་པའི་འཇིག་རྟེན་འདིའི་སྟེང་ལ་བྱུང་བཞིན་པའི་གནས་ཚུལ་ཕལ་མོ་ཆེ་ཞིག་ཉིན་བཞིན་ང་ཚོའི་མིག་གིས་མཐོང་ལ་རྣ་བས་ཐོས་ཐུབ་པའི་སྐབས་འདིར། གང་ཞིག་ལ་དམག་འཁྲུག་དང་མུ་གེ ས་འགུལ་དང་ཆུ་ལོག ནད་ཡམས་སོགས་ཀྱིས་འགྲོ་བ་མིའི་རིགས་ལ་གནོད་འཚེ་བྱུང་སྐབས་སུ་དགྲ་གཉེན་གྱི་དབྱེ་བ་མེད་པར་ཚང་མས་ནུས་པ་ཡོད་ཚད་ཀྱིས་ཕན་ཚུན་རོགས་རམ་བྱས་ནས་རྒུད་པ་ལས་སྐྱོབ་ཐབས་བྱེད་པ་དེས། ཡ་རབས་བཟང་སྤྱོད་ནི་འཇིག་རྟེན་འདིར་མེད་ཐབས་མེད་པའི་ཀུན་སྤྱོད་ཅིག་ཡིན་པ་ཁས་མི་ལེན་མཁན་མེད་པའི་རྟགས་མཚན་ཞིག་རེད། ཡིན་ཡང་ད་ལྟ་རྒྱལ་ཁབ་སོ་སོའི་གཞུང་ངོས་ནས་འདིར་མཐོང་ཆེན་བྱེད་ཀྱིན་ཡོད་པ་ལས། མི་སྒེར་བའི་ངོས་ནས་དགེ་ལས་ཀྱི་བྱ་བ་སྒྲུབ་མཁན་ཉུང་བས་འགའ་རེས་ཆེད་དུ་དགེ་ལས་མཐུན་ཚོགས་དང་། དགེ་ལས་སྤྱི་གཉེར་ཁང་བཙུགས་ནས་བཟང་པོའི་སྤྱོད་པར་འབད་བརྩོན་བྱེད་ཀྱིན་འདུག་མོད། སྲོལ་རྒྱུན་འབྲོག་ལས་ཀྱི་འཚོ་བའི་མི་ཞིག་ལ་མཚོན་ན་དཀའ་ཁག་ཅན་ལ་རོགས་རམ་བྱེད་པ་ནི་ཆེས་མ་མཐའི་ཀུན་སྤྱོད་ཅིག་ཡིན་པས། གནའ་ནས་ད་བར་འབྲོག་པའི་རུ་བ་ཅི་འདྲའི་མཐོ་སྒང་དང་ཐག་རིང་དུ་ཡོད་ཀྱང་སྤྲང་བོ་ཚོས་རེ་བའི་མིག་ཟུང་གཏད་ནས་ཡོང་མཁན་དེ་ཡང་བོད་རང་སའི་སྤྲང་བོ་ཙམ་མ་ཡིན་པར་རྒྱ་སོགས་མི་རིགས་གཞན་པའི་སྤྲང་བོ་མང་པོ་ཞིག་ཀྱང་གནའ་ནས་བཟུང་འབྲོག་པའི་རུ་སྒོ་ཉུལ་བཞིན་ཡོང་བ་ནི་ཡ་རབས་བཟང་སྤྱོད་ཀྱིས་བཀུག་ནས་ཡོང་བ་མིན་ནམ། ང་རང་བྱིས་པ་བསམ་མེད་ཡིན་དུས་ཀྱི་ལོ་ཞིག་གི་དབྱར་ཁར་ང་ཚོ་མགོ་ལོག་ཕྱོགས་ལ་སྤྲང་བོ་ཧ་ཅང་མང་བའི་ལོ་ཞིག་བྱུང་སོང་། མི་རྒན་པ་ཚོས་བཤད་ན་སྐབས་དེའི་སྤྲང་བོ་དག་ནི་ཁམས་དཀར་མཛེས་ཕྱོགས་ནས་ཡོང་བ་ཤ་སྟག་རེད་ཟེར། ངའི་དྲན་ངོགས་སུ་སྤྲང་བོ་དེ་དག་གིས་དུས་རྒྱུན་འབྲོག་ཁྱིམ་དག་ལ་སློང་མོ་བྱེད་དུས་སུ་འབོད་ཚིག་ལྟ་བུ་ཞིག་འདུག་པ་ནི། ལ་ཐོག་པེ་རུ་དགོན་ནས་ཡིན། ལོ་ཏོག་མ་ཡག་ཡོང་ལེ་ཡིན། ཞེས་གྱེར་མ་བཤད་ཅིག་བྱས་ནས་ཡོང་གི་འདུག སྐབས་དེར་ངེད་ཚང་གིས་ཨ་ཡེ་མ་བུ་གཉིས་ལ་གནས་ཚང་གཡར་སོང་། དེ་ནས་ཁོ་གཉིས་ངའི་ཕ་ལགས་ཀྱི་བཀོད་སྒྲིག་ལྟར་ཉིན་གང་བོར་ས་ཕྱོགས་སོ་སོར་སྤྲང་དུ་སོང་ནས་ལོན་པའི་མར་ཆུར་དང་། ཁུལ་རྩིད། བལ། པགས་པ་དང་ཚ་རུ་སོགས་ཅི་ཡོད་ངེད་ཚང་ལ་བཅོལ་བ་དང་། ཨ་མ་ལགས་ཀྱིས་ཉིན་བཞིན་ཆུར་བ་སོགས་དངོས་པོ་རློན་པ་དག་སྐམ་དུ་བཅུག་ནས་བདག་རྒྱག་རོགས་བྱེད་པ་དང་། ཡང་ཉིན་འགའ་རེའི་རྗེས་ནས་ཨ་མ་དང་ཨ་ཅེ་སོགས་ཀྱིས་ཁོང་མ་བུ་གཉིས་ལ་མར་བསྣོས་ནས་མར་ལྟང་བཟོ་རོགས་བྱེད་པ། ཨ་ཕ་དང་ཕུ་བོ་སོགས་ཀྱིས་བལ་གཅུས་ནས་དོ་བོར་རྒྱག་རོགས་བྱེད་པ་དྲན་སོས་ཀྱི་འདུག ཐེངས་ཤིག་ངེད་ཚང་གིས་ལུག་བལ་འབྲེག་སྐབས་དང་ཁེལ་སོང་བས་ཨ་ཡེ་སྤྲང་མོ་དེས་བལ་ཅུང་ཙམ་རེ་རྐུ་བཞིན་ཡོད་པ་མཐོང་བས་ང་དང་ཨ་ཅེ་ཆུང་བ་གཉིས་ཀྱིས་ནུས་པ་ཡོད་ཚད་ཀྱིས་བལ་རྐུ་རོགས་བྱས་ནས་ཨ་ཡེ་སྤྲང་མོ་དེ་ལ་བྱིན་པ་ཡིན། ཡང་མཚམས་རེར་ངེད་གཉིས་ཀྱིས་མར་སྒམ་ལས་མར་རིལ་ཆུང་བ་རེ་བརྐུས་ནས་ཨ་ཡེ་ལ་བྱིན་པ་སོགས་ད་དུང་དྲན་གྱི་འདུག མཇུག་མཐར་ཁོང་མ་བུ་གཉིས་ཀྱིས་རྙེད་པའི་སྤྲང་ཟས་མར་ཆུར་དང་། ཀོ་བ། པགས་པ། བལ་ཁུལ་རྩིད་གསུམ་སོགས་ཁལ་བཞི་ལྔ་ཙམ་ཞིག་འདུག་པ་ཨ་ཕ་ལགས་དང་ཕུ་བོ་གཉིས་ཀྱིས་ཁལ་གཡག་གཡར་ནས་ཁོང་གཉིས་ཀྱི་ཕ་ཡུལ་ལ་བསྐྱལ་སོང་། དེ་རྗེས་ཡུན་རིང་ཞིག་ལ་ཨ་ཅེ་དང་ཕུ་བོ་སོགས་ཀྱིས་ཨ་ཅེ་ཆུང་བ་ངེད་གཉིས་ལ་ཨ་ཡེ་སྤྲང་མོའི་བྱིས་པ་ཞེས་ཀུ་རེ་རྩེ་བཞིན་འདུག དེ་ལྟར་འབྲོག་པ་ཚོས་གཞན་ལ་སྦྱིན་གཏོང་དང་རོགས་རམ་བྱེད་པ་ནི་ཆེས་མ་མཐའི་ཀུན་སྤྱོད་ཅིག་རེད།

༢ རོགས་རེས་མཉམ་ལས་ནི་འབྲོག་པའི་གཤིས་ཀ་ཡིན།

ད་ལྟ་ང་ཚོས་ལས་ཀ་ཅི་ཞིག་སྒྲུབ་དགོས་ཀྱང་གཞན་ལ་གླ་མ་བྱིན་པར་རིན་མེད་ཀྱིས་རོགས་པ་བྱེད་མཁན་ཞིག་ལོན་ཧ་ཅང་ཁག་པོ་ཡིན་མོད། འབྲོག་པ་ཚོས་ནི་ལས་ཀ་ཆེ་ཆུང་གང་ཡིན་ཡང་གཉེན་ཉེ་ཕར་ཟད། ཐག་ཉེའི་ཁྱིམ་མཚེས་དག་གིས་ཀྱང་ཕན་ཚུན་ལ་རོགས་བྱེད་པ་དེ་ནི་གཤིས་ཀར་ཆགས་ཡོད་པ་ཞིག་རེད། དཔེར་ན་མཚེར་ས་སྤོ་བ་དང་། ལུག་བལ་འབྲེག་པ། ཟོག་ལུག་སྟོར་བ། ཐག་འཐག་པ་དང་སྦྲ་བཟོ་བ་སོགས་ཀྱི་སྐབས་དང་། དེ་མིན་མར་ལྟང་བཟོ་བ་དང་། གྱོན་གོས་བཟོ་བ། ཀོ་པགས་མཉེད་པ། ནས་རྔོད་འཐག་དང་འབྲི་འཇོ་རོགས་སོགས་བྱ་བ་ཆེ་ཆུང་གང་དང་ཅི་ལ་ཐུག་ཀྱང་གླ་རྔན་མི་དགོས་པར་ཕན་ཚུན་རོགས་རེས་བྱེད་པ་དེ་གཤིས་སུ་གྲུབ་པའི་སྤྱོད་པ་ཞིག་ཡིན་པ་ལས། ཁ་ཡར་གྲགས་ལ་སྒོར་མོ་དང་མར་གྲགས་ལ་སྒོར་མོས་རྩིས་འདེབས་པ་དེ་འདྲ་མིན་པ་ཡང་བཟང་སྤྱོད་ཅིག་ལ་བརྩི་ལོས་དགོས།

༣ ནད་ཡམས་ཀྱིས་འབྲོག་པ་བཅོམ་མ་མྱོང་།

འགྲོ་བ་མིའི་རིགས་འདི་གནའ་ནས་བཟུང་སྟེ་ཆེས་སྐྲག་ས་ནི་རིམས་ནད་ཡིན་ལ། དེ་ཡང་འཛམ་གླིང་ལོ་རྒྱུས་སུ་རིམས་ནད་ཀྱིས་གྲོང་དང་གྲོང་ཁྱེར་སྟོངས་པའི་ལོ་རྒྱུས་མང་པོ་ཡོད་ལ། དེ་ནི་འགྲོ་བ་མིའི་རིགས་ཀྱིས་འདུས་སྡོད་བྱས་རྗེས་རང་བྱུང་གནོད་འཚེའི་ཉེན་ཁ་ལས་ཀྱང་འགོས་ནད་ནི་འགྲོ་བ་མིའི་རིགས་ཀྱི་ལག་དམར་ཆེ་ཤོས་དེ་ཆགས་ཡོད་མོད། འབྲོག་པ་ནི་མ་གཞི་མཁའ་དབུགས་གཙང་ལ་ཉི་འོད་བཙན་པ་དང་། ཉེ་འཁོར་ཚང་མ་སྨན་ལྡུམ་སྣ་ཚོགས་ཀྱིས་གྲུབ་པའི་རང་བྱུང་སྐྱེད་ཚལ་ལྟ་བུ་ཡིན་པས་ཕལ་བའི་ཆམ་ནད་ཙམ་ནི་འགོ་ཡང་དཀའ་ལ། གལ་ཏེ་འབྲོག་པ་ཞིག་ས་ཆ་གཞན་ལ་སོང་ནས་རིམས་ནད་ཅིག་འགོས་ཀྱང་རང་གི་ཁྱིམ་ཚང་དང་ཉེ་འཁོར་ངོ་མ་ཙམ་ལས་འདུས་སྡོད་ཀྱི་བར་ཐག་རིང་བས་ཁྱིམ་ཚང་གཞན་དག་ལ་བགོ་ཤུགས་ཆུང་བ་དང་། གྱོན་གོས་དང་ཟས་ཕོར་སོགས་བརྒྱུད་ནས་འགོ་བའི་རིམས་ནད་ཅིག་ཡིན་ན་ནི། འབྲོག་པ་ཚོས་གྱོན་གོས་དང་ཟས་ཕོར་སོགས་རང་གི་ཁྱིམ་མི་ལ་ཡང་མི་བསྲེ་བས་བཟའ་ཟླ་དང་བྱིས་པ་དམར་འབྱར་ལས་གཞན་པའི་ཁྱིམ་མི་ཚོ་ལ་ཡང་བགོ་ཉེན་ཧ་ཅང་ཆུང་། ངའི་རྨོ་མོ་ལགས་ཆུང་དུས་སུ་ཁོ་ཚོའི་ཡུལ་དེར་བྱི་རིམས་མཆེད་པའི་སྐབས་སུ་བྱི་རིམས་འགོས་ཡོད་པ་ཚོས་རང་འགུལ་གྱིས་ལོགས་དབྱེ་བྱས་ནས་འདུག་པ་དང་། ཟ་མ་སོགས་ཁྱིམ་མིས་སྐྱེལ་དུས་སུ་ཡང་ཁོ་ཚོས་ཕན་ཚུན་བོས་ན་གོ་བའི་ས་ནས་ཉེར་མཁོའི་བཅའ་ལག་དག་ས་རུ་བཞག་ནས་འབོད་བརྡ་གཏོང་བ་ལས་འབྲེལ་གཏུག་མི་བྱེད་ལ། ནད་འགོས་ཡོད་པའི་ཁྱིམ་ཚང་ཚོ་དང་ནད་མེད་ཀྱི་ཁྱིམ་ཚང་དག་གི་རུ་བ་རྒྱང་ཐག་བཀྱེད་ནས་ཐ་ན་ཟོག་ལུག་ཀྱང་མཉམ་བསྲེ་མི་བྱེད་ལ། ཡང་ཕན་ཚུན་རོགས་རམ་དགོས་ཚེ་རྒྱང་རིང་ནས་འབོད་བརྡ་བྱས་ནས་བརྡ་སྤྲོད་པ་དང་། སུ་ཞིག་ལ་ནད་རྟགས་ཡོད་པའམ་ཡང་ན་མི་བདེ་བ་ཡོད་ཚེ་རང་འགུལ་གྱིས་ང་ལ་ནད་འགོས་ཡོད་པ་འདྲ་བས་མ་གཅར་ཞེས་བསམ་ཤེས་བྱེད་པ་རེད་ཟེར། དེ་རྗེས་མི་བརྒྱ་སྐོར་ཞིག་ལ་ནད་འགོས་པ་དེ་དག་སྦྲ་ཆེན་པོ་འགའི་ནང་དུ་ཁེར་སྡོད་བྱས་པའི་ཚེ་ན་དུས་ཡུན་ཐུང་ཐུང་ཞིག་གི་ནང་ལ་མི་ཉི་ཤུ་སྐོར་ཞིག་ནད་ཀྱིས་ཤི་སོང་བ་དང་། དེ་ནས་བླ་མ་སྨན་པ་ཞིག་ཡོད་པ་ནད་པ་ཚོའི་ཁྱིམ་ལ་ཕེབས་ནས་བྱི་རིམས་ཀྱིས་ཤི་བའི་གཤིན་པོ་དག་གི་བེམ་པོ་ས་དུར་བྱེད་པ་ལས་བྱ་གཏོར་མི་རུང་ཞེས་དུར་ལས་བྱས་པ་དང་། དེ་ནས་ནད་པ་ཚོར་སྨན་བཅོས་བྱས་པས་ཡུན་རིང་མ་འགོར་བར་ནད་པ་དྲུག་བདུན་ཞིག་ལས་གཞན་པ་ཚོ་དྲག་སྐྱེད་བྱུང་ཞིང་བླ་མ་སྨན་པ་ཁོང་ཡང་ཚེ་ལས་འདས་སོང་ཟེར། མདོར་ན་ལོ་རྒྱུས་ཀྱི་དུས་རིམ་གང་ལ་ཡང་འབྲོག་པ་ཚོ་རིམས་ནད་ཀྱིས་ཁ་བཏགས་རབས་ཤིག་བཤད་རྒྱུ་མེད་པ་དེ་ཡང་འཚོ་བ་རོལ་སྟངས་ལས་བྱུང་བའི་ཁྱད་ཆོས་སམ་དགེ་མཚན་ཞིག་ཅི་ལ་མིན།

༤ ས་འགུལ་གྱིས་འབྲོག་པ་གསོད་མ་མྱོང་།

ཡང་འགྲོ་བ་མིའི་ལོ་རྒྱུས་ལས་རང་བྱུང་གནོད་འཚེའི་ཁྲོད་ཀྱི་ཆེས་སྐྲག་ས་དང་གནོད་འཚེ་བྱ་ཤུགས་ཆེས་ཆེ་བ་ནི་ས་འགུལ་ཡིན་པར་སྨྲ་མོད། འབྲོག་པ་ཚོའི་གནས་ཁང་ནི་སྦྲ་ནག་ཡིན་པས་ལོ་རྒྱུས་གང་གི་སྐབས་སུ་ཡང་ས་འགུལ་གྱིས་འབྲོག་པ་ཞིག་རང་ས་ནས་བསད་སོང་རབས་མེད་ལ། དེ་བས་འབྲོག་པ་ཚོ་ས་འགུལ་ལ་ཁྱོན་ནས་སྐྲག་མ་མྱོང་། དུས་ཀྱི་སྙིགས་མ་རུ་བགྲངས་པའི་དེང་དུས་སུ་ས་འགུལ་བྱུང་ནས་ཁམས་ཡུལ་ཤུལ་སོགས་བོད་ཀྱི་ས་ཆ་མང་པོར་གོད་ཆག་ཆེན་པོ་ཐེབས་པ་ཡང་འབྲོག་ལས་བསྐྱུར་ཏེ་གྲོང་ལ་བབས་པས་མི་ལན་ནམ། གལ་ཏེ་ས་དེའི་ཡུལ་མི་ཚོ་གྲོང་ལ་འདུས་སྡོད་མ་བྱས་པར་འབྲོག་པའི་འཚོ་བ་རོལ་ཏེ་བསྡད་ཡོད་ན་ས་འགུལ་བྱུང་སྐབས་སུ་མི་གཅིག་ལ་ཡང་གནོད་འཚེ་ཐེབས་ཨེ་ཡོད་གྲངས། འདི་ལྟར་བསམ་བློ་བཏང་ན་སྲོལ་རྒྱུན་འབྲོག་པའི་འཚོ་སྟངས་ཀྱི་དགེ་མཚན་ནི་དངོས་གནས་ཉུང་ཉུང་ཞིག་མ་རེད་ཨང་།

༦ འབྲོག་པ་དམག་འཁྲུག་ལ་གཡོལ་སྟབས་བདེ།

མ་གཞི་དམག་འཁྲུག་ནི་མི་རྣམས་ཀྱིས་བཟོས་པའི་གཡོལ་ཐབས་མེད་པའི་ཆག་སྒོ་ཆེན་པོ་ཞིག་ཡིན་ལ། ལྷག་པར་དུ་དམག་འཁྲུག་གི་ཆག་སྒོའི་ཁྲོད་ནས་ཆེས་མནར་གཅོད་དང་དཀའ་ལས་མྱོང་མཁན་ཡང་སྤྱིར་བཏང་གི་མི་སེར་དཀྱུས་མ་དག་ཡིན་པས། དམག་འཁྲུག་བྱུང་དུས་ཡུལ་མི་རྣམས་འབྲོ་ས་གཞའ་ས་མི་རྙེད་པར་དཀའ་སྡུག་མང་པོར་འཕྲད་ཀྱིན་ཡོད། གལ་ཏེ་ཁྱེད་རང་གྲོང་ཁྱེར་བ་ཞིག་ཡིན་ན། སྐབས་དེར་སྟབས་མ་ལེགས་པར་ཁྱེད་ཀྱི་མི་རབས་དུ་མར་རྒྱུན་བཟུང་ནས་ཡོང་བའི་ཕ་གཞིས་དེ་དམག་ལམ་ན་ཡོད་ཚེ་མིའི་ཚེ་སྲོག་བྲོས་ནས་ཐར་སོང་ཡང་ཚེ་བསོགས་སྣེ་ལོ་གང་བོ་ཕ་རོལ་བོའི་དམག་དཔུང་གིས་ཇག་ཐོབ་དངོས་རྫས་སུ་འགྱུར་འགྲོ་བ་གདོན་མི་ཟ་བས། ནམ་ཞིག་དམག་འཁྲུག་མཇུག་རྫོགས་ནས་ཕྱིར་ཕ་ཡུལ་ལ་སླེབས་དུས་ཁྱེད་ནི་རྒྱབ་ན་སོག་པ་དང་མདུན་ན་ལག་པ་ལས་མེད་པའི་སྤྲང་བོ་ཞིག་ཏུ་གྱུར་ཟིན་པ་དེ་བཤད་མ་དགོས་པ་ཞིག་རེད་མོད། འོན་ཀྱང་གལ་ཏེ་ཁྱེད་རང་འབྲོག་པ་ཞིག་ཡིན་ན་རུ་བ་དམག་ལམ་ན་ཡོད་ཀྱང་ཁལ་བཀལ་ནས་མྱུར་བར་གཡོལ་ཆོག་པས། ཧ་ཅང་སྟབས་ཉེས་པ་མིན་ན་མི་རྒྱུ་ཚང་མ་བྲོས་བྱོལ་བྱས་ནས་དམག་འཁྲུག་ལ་གཡོལ་ཆོག་པས་ལྟོས་བཅས་ཀྱིས་འབྲོག་པ་ནི་དམག་འཁྲུག་གི་གནོད་འཚེ་ཐེབས་གྲངས་གཞན་ལས་ཉུང་ལ། དཔེར་ན་དུས་རབས་ཉི་ཤུ་བའི་ལོ་རབས་བཞི་བཅུ་ཡས་མས་སུ་མཚོ་སྔོན་གྱི་མཱ་ཇག་ཚང་གིས་ཨ་མདོའི་འབྲོག་ཕྱོགས་སུ་འཕྲོག་བཅོམ་དང་སྡེབས་གསོད་བྱེད་དུས་ཀྱང་འབྲོག་པ་མང་པོ་ཞིག་རུ་བྲོས་ནས་གནོད་འཚེ་ལས་ཐར་མྱོང་ལ་དེའི་གྲས་སུ་ངའི་ཨ་མ་ལགས་ཀྱི་ཁྱིམ་ཚང་ཡང་ཡོད་པ་རེད། དེ་བས་འབྲོག་པ་ནི་དམག་འཁྲུག་ལ་ཡང་གཡོལ་སླ་ཙམ་ཡོད་པ་འདི་ཡང་དགེ་མཚན་ཞིག་ལོས་ཡིན།

༦ འབྲོག་པ་མུ་གེས་ཤི་མ་མྱོང་།

གནའ་ནས་ད་བར་རང་བྱུང་གནོད་འཚེ་དང་མིས་བཟོས་དམག་འཁྲུག་གི་གནོད་འཚེ་དང་མཐུད་ནས་མི་རིགས་དང་རྒྱལ་ཁབ་མང་པོར་མུ་གེ་ཆེན་པོ་བྱུང་མྱོང་ལ། མུ་གེ་རེ་རེའི་སྐབས་སུ་ཡང་འབངས་ཕལ་བ་བརྒྱ་སྟོང་ཁྲི་འབུམ་གྱི་ཚེ་སྲོག་ཤོར་མྱོང་མོད། རྩྭ་ཐང་དུ་འཚོ་བའི་འབྲོག་པ་ཚོ་ལ་མུ་གེ་བྱུང་བའི་ལོ་རྒྱུས་ཕལ་ཆེར་མེད་ཅེས་བཤད་ཀྱང་ཆོག་པ་རེད། དེ་ཡང་འབྲོག་པ་ཚོ་གྲོང་དང་རོང་ལ་ཁ་ཐག་རིང་བས་འབྲོག་ཁྱིམ་དཀྱུས་མ་ཞིག་གིས་ཀྱང་ལོ་གཅིག་གཉིས་ཙམ་ལ་འདང་ངེས་ཀྱི་འབྲུ་རིགས་གསོག་འཇོག་བྱས་ཡོད་པར་མ་ཟད། རང་ལ་དབང་བའི་ནོར་ལུག་ཡོད་པས་ཤ་དང་མར་ཆུར་ལ་ལག་ཐོགས་མི་དགོས་པ་དང་། ད་དུང་རི་སྐྱེས་ཤོ་མང་སྣ་ཚོགས་དང་གྲོ་མ་སོགས་བརྐོ་འཐུ་བྱས་ནས་འཚོ་བར་ཁ་གསབ་བྱེད་ཆོག་པས་ན། འབྲོག་པ་ཚོར་འཚོ་བའི་དཀའ་ངལ་འཕྲད་རྒྱུའི་ཚད་ཧ་ཅང་ཧ་ཅང་དམའ། འོ་ན། 1961ལོར་བོད་ལ་མུ་གེ་བྱུང་བ་མིན་ནམ་ཟེར་ན། དེ་ནི་གོང་རིམ་གྱི་སྲིད་ཇུས་ལ་ནོར་འཁྲུལ་བྱུང་ནས་མུ་གེ་བྱུང་བ་ཞིག་ཡིན་དེ། སྐབས་དེར་མཉམ་ལས་ཁང་སོགས་གྲོང་ལ་འདུས་སྡོད་བྱས་ཡོད་སར་མུ་གེ་བྱུང་བ་ལས་འབྲོག་རའི་ནང་ལ་མུ་གེ་བྱུང་ཡོད་པ་མ་རེད། འདིའི་སྐོར་ནགས་ཚང་ཞི་ལུའི་སྐྱིད་སྡུག་ཟེར་བའི་དཔེ་ཆ་དེའི་ནང་ན་ཧ་ཅང་གསལ་བོར་བྲིས་ཡོད་པ་རེད། ཡང་མཚམས་རེར་ས་གནས་ཁ་ཤས་སུ་ཁངས་ཐན་ལྷུང་ནས་ཕྱུག་ཟོག་བསད་པའི་གྲངས་ཀ་མང་པོ་ཡོད་ཀྱང་ཕྱུག་ཟོག་གཏན་མེད་དུ་སོང་བ་ནི་སྲིད་མཐའ་ཙམ་ཡིན་པས། སང་ལོའི་དཔྱིད་ཀར་ཡང་བསྐྱར་འཚོ་བ་གསར་བའི་མགོ་འཛིན་ཆོག་ཆོག་ཡིན་པ་འདི་ཡང་འབྲོག་པ་མུ་གེར་དཔའ་བའི་རྒྱུ་རྐྱེན་གཅིག་རེད། ད་དུང་འབྲོག་ལས་ཀྱི་འཚོ་བར་རང་དབང་དང་། བདེ་ཐང་། ཆོག་ཤེས་སོགས་ཀྱི་དགེ་མཚན་མང་པོ་ཡོད་མོད་གནས་སྐབས་སུ་དེ་ཙམ་བྱེད། འདི་ལྟར་དངོས་ཡོད་འཚོ་བར་རྒྱུས་ལོན་བྱས་པ་ལྟར་ན། འབྲོག་པའི་འཚོ་བ་ཟེར་བ་ནི་ཕྱོགས་གང་ནས་ཀྱང་དགེ་མཚན་མང་པོ་ཡོད་པ་ཞིག་ལས། སྡུག་པོ་དང་སྐྱོ་བོ་དཀའ་ངལ་ཅན་དང་ཉེན་ཁ་ཅན་དེ་འདྲ་མིན་པ་ཡང་ང་ཚོས་མ་ཤེས་ཐབས་མེད་ཅིག་རེད་མོད། ད་ལྟ་ན་གཞོན་ཚང་མས་རྟ་ནོར་ལུག་གསུམ་འཚོ་སྐྱོང་བྱེད་པ་དེ་དམན་པ་དང་སྡུག་པོ་ཞིག་ལ་མཐོང་སྟེ་རང་གི་ཕ་ས་མ་ཡུལ་དང་རི་ཆུ་ནགས་གསུམ། དཀར་ནག་ཁྲ་གསུམ་སོགས་བསྐྱུར་ཏེ་གྲོང་ཁྱེར་ནས་འཚོ་བ་རོལ་རྒྱུར་བང་འགྲན་ནས་རྒྱུག་བཞིན་འདུག་མོད། གལ་ཏེ་ཁྱེད་རང་ལ་བདེ་འཇགས་དང་བདེ་ཐང་གི་འཚོ་བ་སྤྲོ་སྣང་ཅན་ཞིག་མཁོ་ན་འབྲོག་པའི་འཚོ་བ་ལས་གཞན་ཞིག་མེད་དོ། །

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
འབྲོག་པའི་འཚོ་བར་དགེ་མཚན་འདི་དག་ཡོད།

ཡོང་ཁུངས། མཚོ་སྔོན་པོ་དྲ་བ།

རྩོམ་སྒྲིག་པ། སུང་ཆི།