ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན།

ཡོང་ཁུངས། མིང་གྲགས་མི་སྣ་གཞོན་དུས། ཤ་མོ་འཚོ།

ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ནི་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་བོད་ཀྱི་རྩོམ་རིག་སྐོར་ལ་བྱས་རྗེས་ཆེ་ཞིང་། སྙན་ངག་གཞུང་ལུགས་ཁོང་གཏུགས་སའང་ཡིན།

ཁོང་ནི་ལ་སྟོད་ལྷོ་ཡི་དཔྱད་ལུང་ཤརཁའི་ཡུལ་ཚོ་བོང་ར་ཞེས་བྱ་བར་སྐུ་འཁྲུངས་ཤིང། ཆུང་དུས་ནས་རབ་ཏུ་བྱུང་སྟེ་བླ་མ་གོ་ལུང་བ་མདོར་སྡེ་རྒྱལ་མཚན་གྱི་དྲུང་ནས་རྒྱུད་སྡེ་དང་།རྡོར་འཕྲེང་སྐོར་གསུམ་སོགས་མང་དུ་གསན། ལྔ་བསྡུས།གཟའ་ལྔ།གཡུལ་རྒྱལ་སོགས་གཙུག་ལག་དུ་མ་ལ་མཁས་པར་སྦྱངས།སྐབས་དེར་འགྲོ་བའི་མགོན་པོ་འཕགས་པ་རིན་པོ་ཆེ་གོང་ནས་ས་སྐྱ་ཕེབས་པའི་དྲུང་དུ་བསྟོད་ཚིག་སྤེལ་ལེགས་པ་ཕུད་ནས། ལོ་ཙཱ་སློབ་ཏུ་འགྲོ་བར་རེ་ཞུ་བྱས་པས།འཕགས་པའི་ཞལ་ནས། “དེ་ལྟ་བུའི་བློ་སྐྱེས་པ་བཟང་།རེ་ཞིག་གཞུང་ལུགས་གསར་པ་སྒྱུར་བའི་ནུས་པ་ཡོང་དཀའ་ན་ཡང་།པཎྡི་ཏ།ལ་འདྲི་གཏུགས་དང་སློབ་གཉེར་ལེགས་པར་གྱིས།ཁོ་བོས་ཀྱང་ཆོས་རྗེ(ས་པཎ)བསྟེན་ཡུན་ཐུང་བས་རྗེ་ཉིད་ཀྱིས་མཛད་པའི《སྡེབ་སྦྱོར་མེ་ཏོག་ཆུན་པོ》 《ཚིག་གི་གཏེར》ལ་སོགས་པ་ཚུལ་བཞིན་དུ་མི་ཤོད་པར་སྣང་བས་འདི་དག་ཤེས་པ་ཞིག་ཅི་ནས་ཀྱང་འོང་བར་གྱིས།མཁས་པར་གྱུར་བའི་ཚེ་ངེད་ལ་ཆོས་རྗེ་བའི་དགོངས་པ་སྐོང་དགོས་ཀྱི་འགྱུར་འདྲ་ཡང་དགོས་པ་ཡོད་དེ་རྗེས་སུ་བྱེད་དོ”ཞེས་གསུངས་ནས་དེ་དག་གི་དཔེ་དང། གསེར་སྲང་ལྔ། དར་ཡུག་བཅུ་རྣམས་གནང་སྟེ“རྟེན་འབྲེལ་ཡོད་པས་དོ་ནུབ་རྗེ་བཙུན་གོང་མའི་གཟིམ་ཁང་སྟེ་དཔེ་ཁང་དུ་ཉོལ་ལ་སོང་། སླར་འཁོར་བ་ན་ཤོག་ཅིག”གསུངས་ནས་བརྫངས་སོ།དེ་ནས་ཤོང་ལོ་ཡུལ་དུ་བྱོན།པཎྡི་ཏ་མ་ཧ་བྷ་དྲའི་དྲུང་དུ་མངོན་བརྗོད་སྡེབ་སྦྱོར་སོགས་རིག་གནས་ཆུང་བ་ལྔ་བསླབས་ཤིང་།ཁྱད་པར་དུ་སྒྲ་རིག་པ་ལ་མཁས་པར་གྱུར་ནས།ས་སྐྱ་འཕགས་པ་རིན་པོ་ཆེའི་དྲུང་དུ་ཕེབས་པས་འཕགས་པ་ཐུགས་ཤིན་ཏུ་དགྱེས་དགྱེས་གནང་།དུས་འཁོར་རྒྱུད་འགྲེལ་དང་བཅས་པ་ལ་འགྱུར་བཅོས་མཛད་དུ་བཅུག།

སླར་ཡང་རྡོ་རྗེ་གདན་དུ་བྱོན་ནས་པཎྡི་ཏ་ཆེན་པོ་ལཀྴྨྰི་ཀ་ར་སྤྱན་དྲངས་ཏེ་སྙན་ངག་མེ་ལོང་སོགས་བསྒྱུར་ཅིང་འཆད་ཉན་གྱི་བཤད་རྒྱུན་སྤེལ་ཏེ་རིག་པའི་གནས་འདི་དག་ཤིན་ཏུ་དར་བར་མཛད། ཁོང་གིས《རྟོགས་བརྗོད་དཔག་བསམ་འཁྲི་ཤིང་》དང་《ཀླུ་ཀུན་དུ་དགའ་བའི་ཟློས་གར》《སྙན་ངག་མེ་ལོང་མ》《འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་བ》 《འཕགས་པ་འཇམ་དབྱངས་ཀྱི་བསྟོད་པ་བྲི་ཏ་མ》《སྒྲ་ཙནྡྲ་བའི་མདོ》 སོགས་སྔོན་དུས་མ་འགྱུར་བ་རྣམས་གསར་དུ་བསྒྱུར་ལ། 《ཨ་མྲ་ཀོ་ཥའི་མཆན་བུ》《དུས་འཁོར་རྒྱུད་འགྲེལ》《གཟའ་རྣམས་གསལ་བར་བྱེད་པའི་སྒྲོན་མེ》སོགས་གསར་དུ་བརྩམས་པས།ཁོང་གིས་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་སྒྲ་རིག་པའི་ཐད་མཛད་རྗེས་རླབས་ཆེན་བཞག་ཡོད།

རྩོམ་སྒྲིག་པ། སུང་ཆི།