མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།མཚོ་སྔོན་བོད་ཡིག་ཁ་པར་འཕྲིན་གྱི་ཕོ་ཉ།(གསར་འགོད་པ་ཤ་མོ་འཚོ།)སྤྱི་ཟླ3པའི་ཚེས8ཉིན་གྱི་ཆུ་ཚོད8ཀྱི་སྟེང་ཟི་ལིང་གྲོང་ཁྱེར་ནས་ལམ་ལ་ཆས་ཏེ་ཆུ་ཚོད10གཡས་གཡོན་ཤིག་ལ་གཅན་ཚ་རྫོང་ཐོག་དུ་འབྱོར། ཡང་གཅན་ཚ་རྫོང་ནས་ཆུ་ཚོད1ཡས་མས་ཀྱི་ས་ལམ་ཞིག་བརྒྱུད་དེ། ནགས་སྲུང་བ་སངས་རྒྱས་རྒྱལ་སྡོད་སའི་ལོ་བ་ནགས་རའི་ལྟ་སྲུང་ས་ཚུགས་ཀྱི་ཡུལ་དངོས་སུ་ཐོན་མ་ཐག།སངས་རྒྱས་རྒྱལ་ལགས་ཀྱིས་ལག་གཡོན་པར་སྨྱུ་གུ་དང་འབྲི་དེབ་བཟུང་ནས་ལྟ་སྲུང་ས་ཚུགས་སུ་ཐོན། ཁོས་བཤད་རྒྱུར“བདག་གིས་ནགས་རའི་མཐའ་འཁོར་དང་དགོན་པའི་མཐའ་འཁོར་དུ་ལྟ་སྲུང་བྱས་ཚར་ནས་ཕྱིར་ཐོན་མ་ཐག་ཡིན”ཟེར།
སངས་རྒྱས་རྒྱལ་ནི་ད་ལོ་ལོ40ཡིན་པ་དང་།ད་ལྟ་གཅན་ཚ་རྫོང་ལོ་བ་ནགས་རའི་ནགས་སྲུང་པ་ཡིན། ཁོས་བཤད་རྒྱུར་ཁོ་རང་ཆུང་དུས་ནས་བཟུང་མཛེས་སྡུག་ལྡན་པའི་ཕ་ཡུལ་སྲུང་སྐྱོང་དང་ནགས་ཚལ་རྩྭ་ཐང་སྲུང་སྐྱོབ་ཐད་ལ་བརྩེ་དུང་ཟབ་མོ་ཆགས་ཡོད་ཟེར། 2009ལོར་གཅན་ཚ་རྫོང་ལོ་བ་ནགས་རའི་སྲུང་སྐྱོང་དོ་དམ་པར་དངོས་སུ་བདམས་པ་དང་། དུས་དེ་ནས་བཟུང་ཁོའི་ལོ་རེ་རེའི་ཡོང་འབབ་ཅུང་བརྟན་པོ་ཡིན་པ་རེད།
སངས་རྒྱས་རྒྱལ་གྱིས་བཤད་རྒྱུར།ནགས་སྲུང་བ་ཞིག་ཡིན་པའི་ཆ་ནས། ནགས་སྲུང་མེ་འགོག་གི་ལས་ཀ་ལེགས་པོར་སྒྲུབ་པའི་ལས་འགན་གཙོ་བོ་ནི་དྲིལ་སྒྲོག་གི་ཐད་དཀའ་སྤྱད་འབད་བརྩོན་བྱ་དགོས་པ་དང་། རོང་འབྲོག་མང་ཚོགས་ལ་ནགས་ལས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྐོར་གྱི་འབྲེལ་ཡོད་ཤེས་བྱ་དྲིལ་སྒྲོག་བྱས་ནས། ཁོ་ཚོས་ནགས་ཚལ་དང་རྩྭ་སས་མིའི་རིགས་ལ་ཐོན་པའི་ནུས་པ་ཤེས་རྟོགས་ཐུབ་པར་བྱས་ནས།སྲིད་ཇུས་དང་ཁྲིམས་སྲོལ་སོ་སོ་ཡུལ་མི་དང་མང་ཚོགས་ཀྱི་སེམས་ནང་དུ་འཇོག་དགོས་ལ། མི་ཚང་མར་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འཇིགས་སྣང་ཤེས་རྟོགས་ཐུབ་པར་བྱ་དགོས།མི་ཚང་མས་མེ་སྐྱོན་སྔོན་འགོག་བྱེད་ཤུགས་ཆེ་རུ་བཏང་ཚེ་ནགས་ཚལ་དང་རྩྭ་ཐང་དུ་མེ་སྐྱོན་འབྱུང་རྒྱུ་རྩ་བ་ནས་གཏན་འགོག་བྱེད་ཐུབ་ཟེར།
2009ལོར་ལས་ཀར་ཞུགས་པ་ནས་བཟུང་།སངས་རྒྱས་རྒྱལ་གྱིས་ཆུང་དུས་ཀྱི་བསམ་འདུན་མ་བརྗེད་པར་ནགས་ལས་དང་རྩྭ་ཐང་གི་འབྲེལ་ཡོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་ཀྱི་ཤེས་བྱ་ལ་སློབ་སྦྱོང་ནན་ཏན་བྱས་ཏེ།རང་འགུལ་ངང་ས་ཁོངས་ཀྱི་ས་དབྱིབས་རྙོག་འཛིང་ཆེ་བ་དང་ཆ་རྐྱེན་ཞན་པ།ས་གནས་ལ་མེ་ཟོན་བྱ་བར་འགན་འཁུར་རྒྱུའི་རེ་བ་བཏོན་པ་རེད། ཁོ་རྒྱུན་དུ་མང་ཚོགས་ཁྲོད་བསྐྱོད་དེ་ཁོ་ཚོར་ནགས་ལས་སྲིད་ཇུས་དང་ཁྲིམས་སྲོལ། ནགས་སྲུང་མེ་ཟོན་རྒྱུན་ཤེས་དྲིལ་སྒྲོག་བྱས་ནས་ཁོ་ཚོར་ནགས་སྲུང་དང་ནགས་ཚལ་ལ་སྲུང་སྐྱོང་བྱེད་དགོས་པའི་འདུ་ཤེས་ཆགས་སུ་བཅུག་ཡོད། ཉེ་བའི་ལོ་འགའི་རིང་། ཁོས་བདག་སྐྱོང་བྱེད་བཞིན་པའི་འགན་འཁྲིའི་ས་ཁུལ་དུ་ཤིང་སྡོང་གང་བྱུང་དུ་གཅོད་པ་དང་། ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་ཐེབས་པའི་སྣང་ཚུལ་ཅི་ཡང་མ་བྱུང་བར། འགན་འཁྲིའི་ས་ཁུལ་གྱི་ནགས་ལས་ཐོན་ཁུངས་རྒྱུན་ལྡན་ངང་འཕེལ་རྒྱས་སུ་འགྲོ་བར་ཧུར་བརྩོན་བྱས། ལྷག་པར་དུ་ལོ་རེའི་ལོ་སར་དང་ཚེས་བརྒྱད། བཅོ་ལྔ་སོགས་ཀྱི་སྐབས་སུ་བསང་མེས་མེ་སྐྱོན་འགོག་སྲུང་འགན་ལེན་དང་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བྱས།
ནགས་སྲུང་བའི་འགན་འཁུར་ནས་ལོ13རིང་ལ། ཁོང་གིས་དྲིལ་སྒྲོག་སློབ་གསོའི་ལས་དོན་གཅོ་གནད་དུ་བཟུང་སྟེ་ནགས་སྲུང་དོ་དམ་དོན་འཁྱོལ་དང་འགན་འཁྲི་དོན་འཁྱོལ་བྱ་བའི་ཁྲོད་འབུར་དུ་ཐོན་པ་བྱས་ནས་ནགས་སྲུང་བྱ་བར་གྲུབ་འབྲས་བླངས་ཡོད།