རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་ཡོངས་ལ་གྲགས་པའི་བྱ་རྫི་རྒད་པོ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཤ་མོ་འཚོ།


མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།མཚོ་སྔོན་བོད་ཡིག་ཁ་པར་འཕྲིན་གྱི་ཕོ་ཉ།(གསར་འགོད་པ་ཤ་མོ་འཚོ།)རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་ཏང་ཡོན་རྒན་པ་རྡོ་རྗེ་ལགས་རྒྱལ་ཡོངས་སུ་གྲགས།དེ་བས་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་དུས་ཐོག་ཏུ་གསེར་ཐང་བྱ་གླིང་གི་ཡུལ་དངོས་སུ་བཅར་འདྲིར་ཕྱིན།

བྱ་རྫི་རྒད་པོ་རྡོ་རྗེ་ལགས་ནི1954ལོའི་ཟླ10པའི་ཚེས26ཉིན་རྩེ་ཁོག་རྫོང་རྡོ་དཀར་མོ་རུ་སྐྱེས་ཤིང་།རང་ལོ25ནས་བཟུང་།ད་ལྟའི་བར་ལོ་ངོ42རིང་ལ་གཞི་རིམ་ཏང་གི་བྱ་བ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་བྱ་བ། སྡེ་བའི་གཟུ་བཤད་ཨུ་ཡོན་ལྷན་ཁང་གི་ལས་འཛིན་མི་སྣའི་འགན་འཁུར་མྱོང་ལ། རང་གི་ལས་སྣེ་ཐོག་འབད་འབུངས་ལྷོད་མེད་བརྒྱུད་ད་ལྟ་རང་ལོ71སོན་ཡང་འདབ་ཆགས་ལ་སྲུང་སྐྱོབ་དང་། ཉ་འཛིན་འགོག་སྲུང་། གསེར་ཐང་བྱ་གླིང་གི་ཁོར་ཡུག་ལ་གཙང་སེལ་དང་མཐའ་འཁོར་གྱི་གད་སྙིགས་འཐུ་བ་སོགས་ནི་ཁོའི་ཉིན་རྒྱུན་འཚོ་བའི་གོམས་གཤིས་དང་དགའ་ཕྱོགས་ཤིག་ཏུ་གྱུར་ཡོད།

བྱ་རྫི་རྒད་པོ་རྡོ་རྗེ་ལགས་ཀྱིས་བྱ་ཁྱུ་ལ་རྒྱང་ལྟ་བྱེད་བཞིན།གདོང་ལ་འཛུམ་དམུལ་ལེར་ཡིད་ཚིམ་པའི་ཉམས་དང་བཅས་བཤད་རྒྱུར།ང་རང་ཏང་ཡོན་རྒན་པ་ཞིག་ཡིན་པའི་ཆ་ནས།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་བདག་གི་འོས་འགན་ཡིན་ལ། བྱ་གླིང་འདིར་གནས་པའི་འདབ་ཆགས་དང་ཉ་རིགས་སོགས་ལ་སྲུང་སྐྱོབ་བྱ་རྒྱུ་ནི་རང་གིས་སྒྲུབ་འོས་པའི་བྱ་གཞག་རླབས་ཆེན་ཞིག་ཏུ་བརྩི་བཞིན་ཡོད། ལས་ཀ་འདི་ལས་ནས་ད་ལྟའི་བར་ལོ་ངོ22འདས་སོང་བར་མ་ཟད། གནས་འདིའི་འདབ་ཆགས་མཐའ་དག་མིག་གིས་འཚོས་ནས་རང་གི་བུ་ཕྲུག་ལྟ་བུའི་བརྩེ་འདང་ལྷད་མེད་ཞིག་ཆགས་ཡོད། ལོ་འདི་འགར་སྣོད་བཅུད་ལེགས་སུ་ཕྱིན་པ་དང་བསྟུན་ནས་འདབ་ཆགས་དང་ཉ་མོའི་གྲངས་ཀ་ཡང་མངོན་གསལ་གྱིས་ཇེ་མང་དུ་ཕྱིན་ཡོད་ཟེར།

ཁོས་ད་རུང་བྱ་རེར་རྒྱུན་འབྱམས་ཀྱི་འཚོ་བའི་ནང་བབ་ཆགས་ཀྱི་མིང་རེ་བཏགས་པ་ཁ་དོག་དང་ཁྱད་ཆོས་ལ་འཚམ་ཤིང་ཡིད་དུ་འོང་ལ། བྱ་ལ་ལའི་མིང་ནི་དངོས་གནས་དགོད་བྲོ་བ་ཞིག་ཀྱང་ཡིན། ནག་ལྡང་མ་དང་།དཀར་ལྡང་མ། དམར་ལྡང་མ། རག་ལྡང་།ཁྱ་ལྡང་སོགས་དང་། སུག་རིང་དང་། སུག་ཐུང་། ལུང་དཀར། རྔ་རིང་། རྔ་ཐུང་། མཆུ་དམར། མགོ་དམར་སོགས། གཞན་ཡང་ངང་དམར་མ་དང་། ངང་སེར་མ།སྐེ་རིང་མ་སོགས་ཡོད་པར་མ་ཟད།སྐེ་དཀྲིས་ཅན་དང་།མགོ་དཀྲིས་ཅན།རལ་བ་ཅན་སོགས། ད་དུང་ངུ་ཁ་མ་དང་ཀློའུ་བྱ་གླེན་ལྟིག་དང་།གཅིན་སྐྱ་མ་དང་རྐུན་སྐྱག་མ་སོགས་ལོས་བདེན་འདོད་པའི་མཚང་མིང་རེ་ཡང་བཏགས་ཡོད་པ་རེད། གསར་འགོད་པ་རེབ་ཐེངས་འདིའི་བཅར་འདྲི་རྫོགས་ནས་བྱ་རྫི་རྒད་པོ་དང་གྱེས་ཕྱག་ཕུལ་ནས་ཕྱིར་ལྡོག་དུས་སེམས་སུ་ད་དུང་ཁོང་གིས་གདགས་པའི་མིང་མཚར་པོ་དེ་དག་སྐྱེ་ཁམས་བཅོས་སྐྱོང་ཁྲོད་ཀྱི་གཟི་འོད་འཕྲོ་བའི་གྲུབ་འབྲས་ཤིག་ཅི་ལ་མིན་བསམ་བྱུང་།


རྩོམ་སྒྲིག་པ། སུང་ཆི།