༄༅། །རྒྱལ་སྨན་ཆེན་མོ་རྒྱ་ཡེ་བློ་བཟང་ཉི་མ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྟ་མགྲིན་དཔལ།

༄༅།།གསོ་རིག་མཁས་ཆེན་རྒྱ་ཡེ་བློ་བཟང་ཉི་མ་མཆོག་ནི་སྤྱི་ལོ 1933 ལོར་སྐུ་འཁྲུངས་ཤིང་། དགུང་ལོ་ལྔའི་སྟེང་འཁྱམ་རུ་དགོན་པར་ཕེབས།  དགུང་ལོ་བཅུ་གཅིག་སྟེང་སྐྱབས་རྗེ་ཨ་རོལ་ཚང་གི་མདུན་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་དཀྱུས་གཅིག་ཏུ་མནོས་ཏེ་མཚན་ལ་བློ་བཟང་ཉི་མ་གསོལ། དེ་ནས་བཟུང་རང་དགོན་དུ་སྦས་པའི་རྣལ་འབྱོར་བ་ཆེན་མོ་རྒྱ་ཡེ་རྒྱ་མཚོ་དང་ཐེབ་རྒྱའི་ཐུབ་བསྟན་རྣམ་གཉིས་ཀྱི་མདུན་ནས་དགོན་པ་རང་གི་ཐུན་མོང་མ་ཡིན་པའི་འདོན་དབྱངས་རྟ་སྤྱོད་གསུམ་དང་། རྒྱན་མེ་རི། ཐིག་རྡུལ་ཚོན་སོགས་ཞིབ་པར་སྦྱང་ནས་ཐུགས་སུ་ཆུད།དགུང་ལོ་བཅུ་བདུན་སྟེང་སྨན་པ་མཆོག་གྲུབ་བསམ་སྦྱོར་གཉིས་ཀྱིས་བསྟེན་ཏེ་གསོ་རིག་རྒྱུད་བཞི་དང་ཤེལ་གོང་འཕྲེང་དང་སྨན་ངོས་འཛིན་སོགས་ལ་སྦྱངས་པ་མཐར་ཕྱིན་པ་གནང་།  དགུང་ལོ་ཉི་ཤུའི་སྟེང་འདུལ་བ་འཛིན་པ་རྒྱ་ཡེ་ངག་དབང་ཤེས་རབ་ཀྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།

དགོང་ལ་ཉེར་བདུན་ཏེ་སྤྱི་ལོ་1958 ལོར་དགོན་པ་བསྒྱུར་བཀོད་བྱས་པ་དང་མཉམ་དུ་གུང་ཧོ་རྫོང་མི་རིགས་སློབ་འབྲིང་ལ་ཕེབས་དགོས་བྱུང་། ཡིན་ཡང་ཁོང་ལ་བོད་ཀྱི་གསོ་བ་རིག་པའི་ཕྱག་ལེན་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་སྟབས་སྐབས་དེའི་ངལ་རྩོལ་དུ་ཞུགས་མི་དགོས་པར་དགེ་སློབ་རྣམས་ལ་སྨན་བཅོས་ཀྱི་ལས་ཀ་གཉེར་དུ་བཅུག དེ་བས་ཁོང་གིས་རྒྱུན་དུ་གསུང་རྒྱུར་ངའི་བོད་སྨན་གྱི་རྒྱུན་འདི་ལ་དཀོན་མཆོག་གི་ཐུགས་རྗེ་དང་རང་གི་དད་པའི་སྟོབས་ཀྱིས་རིག་གསར་གྱི་རླུང་ནག་ཁྲོད་དུའང་ཉམས་ཉེས་དང་བར་ཆད་གང་ཡང་མ་བྱུང་ཞེས་ཡང་ཡང་གསུངས་ཀྱིན་འདུག 

སྤྱི་ལོ 1959 ལོ་ནས 1979 ལོའི་བར་རྒྱ་ཡེ་མཉམ་ལས་སྨན་ཁང་བཙུགས་ཏེ་ཉམ་ཐག་ནད་པ་མང་བོ་ནད་ཀྱི་སྡུག་བསྔལ་ལས་ཐར་བར་བྱས་པས་རྒྱ་ཡེ་ཉི་མ་ཞེས་མཚན་སྙན་རླུང་ལྟར་གྲགས། ད་དུང་དུས་སྐབས་དེར་བོད་ཀྱི་གསོ་རིག་པའི་དགེ་བའི་བཤེས་གཉེན་མང་པོ་ཞིག་གསང་སྟབས་ཀྱིས་གདན་དྲངས་ཏེ་གསོ་རིག་གི་དབང་ལུང་མན་ངག་ལག་ལེན་དང་བཅས་པ་གསན་སྦྱང་མི་དམན་པ་བྱས།  དགུང་ལོ་ཞེ་བརྒྱད་སྟེང་།  ཞིང་ཆེན་སྨན་རིག་ཞིབ་འཇུག་ཁང་དུ་ཕེབས་ནས།  སྨན་གཞུང་མང་པོ་ཞིབ་འཇུག་དང་སྨན་རྫས་སྦྱོར་བཟོ།  ཟུར་དུ་བོད་སྨན་སྒོ་བསྟེན་ཁང་ཞིག་བཙུགས་ཏེ་ནད་བརྟག་སྨན་བཅོས་བྱས། དགུང་ལོ་ཞེ་དགུའི་སྟེང་། 

མདོ་རྒྱུད་རྒྱ་མཚོའི་མངའ་བདག་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨྲས་ན་༧རྗེ་ཡེ་ཤེས་རྒྱ་མཚོ་དཔལ་བཟང་བོ་མཆོག་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ་གསོ་རིག་སྐོར་གྱི་དཀའ་གནད་མང་བོ་བཀའ་འདྲི་ཞུས་ཏེ་སྒྲོ་འདོགས་བཅད། གཞན་༧རྗེ་ཤིང་བཟའ་པཎྚི་ཏ་དང་ངེས་པ་དོན་གྱི་མ་ཧ་པཎྚ་ཏ་མཁན་པོ་ཁྲོ་རུ་ཚེ་རྣམ་སོགས་བོད་ཀྱི་གསོ་རིག་མཁན་པོ་མང་བོའི་མདུན་ནས་དབང་ལུང་མན་ངག་དམར་ཁྲིད་མང་པོ་ལན་མང་གསན། 

དགོང་ལོ་ང་གཉིས་སྟེང་མཚོ་སྔོན་བོད་སྨན་ཁང་གསར་དུ་བཙུགས་ཤིང་ཁོང་གི་དབུ་འཛིན་གཞོན་པ་དང་། ཚན་ཁག་སོ་སོའི་ནད་བརྟག་སྨན་བཅོས་ཀྱི་འགན་གཙོ་བོ་བཞེས་ལ། སྨན་བཟོ་ཚན་ཁག་ཏུ་སྨན་གྱི་འདུལ་སྦྱོང་དང་སྡེབ་སྦྱོར་སོགས་ཕྱག་ལེན་ངོས་གཙང་གནང་།  གཞན་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་གཙོའི་མདོ་དབུས་ཁམས་གསུམ་གྱི་བོད་སྨན་ཁང་སོ་སོ་ནས་རིན་ཆེན་གྲང་སྦྱོར་ཆེན་མོ་དང་། མུ་ཏིག་བདུན་ཅུ། བྱུར་དམར་བདུན་ཅུ་སོགས་ཕལ་ཆེར་སྨན་སྦྱོར་སུམ་བརྒྱ་ལྷག་དང་དངུལ་ཆུ་བཙོ་བཀྲུ་དང་རིན་ཆེན་བཙོ་ཐལ་སོགས་ཁོང་གི་ཕྱག་ལྟར་ནས་ཐོན་སྐྱེད་བྱས།   དེར་མ་ཟད་མདོ་དབུས་ཁམས་གསུམ་གྱི་སྨན་རྫས་ངོས་འཛིན་སྟེང་མི་མཐུན་པ་མང་པོ་གཞུང་ལུགས་དང་ཞིབ་བསྡུར་གྱིས་བརྡར་ཤ་བཅད་དེ་དོགས་གནས་མང་བོ་གཏན་ལ་ཕབ། དེ་བས་ཁོང་ལ་རྫོང་དང་ཁུལ། ཞིང་ཆེན་དང་རྒྱལ་ཡོངས་རིམ་པ་ནས་སྔོན་ཐོན་མི་སྣའི་གཟེངས་རྟགས་དང་།  སྨན་རམས་པ་དང་ཆེད་མཁས་པ་སོགས་ཀྱི་མཚན་སྙན་དཔང་ཡིག་མང་བོ་ཐོབ་པར་མ་ཟད་ད་ལོ་ཡང་རྒྱལ་ཡོངས་བླ་སྨན་ཞེས་པའི་གཟི་བརྗིད་ཀྱི་མཚན་སྙན་ཐོབ། 

ལྷག་པར་ཏུ 《མཚོ་སྔོན་བོད་སྨན་ཚད་གཞི》དང་། 《བོད་སྨན་གནའ་རྩོམ་གཅེས་བཏུས》 《གསོ་རིག་ལག་ལེན་སྤྱི་དོན་སྒྲོན་མ》 《ཐོར་ནད་གསོ་བ》《རྒྱུན་འབྱུང་ནད་རིགས་འཇོམས་པའི་སྨན་སྦྱོར་སྡེབ་ཡིག》 《སྨན་གྱི་ནོར་འཕྲེང་བསལ་བ་ཚེས་པའི་ཟླ་བ》སོགས་རིན་ཐང་གཞལ་དུ་མེད་པའི་དཔེ་དེབ་དང་དཔྱད་རྩོམ་བཅུ་གྲངས་ཙམ་ཕྱག་རྩོམ་མཛད་དེ་ཕྱི་རབས་བུ་སློབ་མང་པོའི་རྒྱགས་ཕྱེ་ཉིད་དུ་ལེགས་པར་བསྩལ་ཡོད་ཅིང་། སྤྱི་ལོ༢༠༢༢ལོའི་ཟླ་གསུམ་པའི་ཚེས་བདུན་ཉིན་གྱི་ཞོགས་པའི་ཆུ་ཚོད་ལྔ་དང་སྐར་མ༡༧སྟེང་ཟི་ལིང་དུ་སྐུ་གཤེགས།དགུང་ལོ༨༩བཞུགས། 





རྩོམ་སྒྲིག་པ། སུང་ཆི།