དག་གཙང་ནུས་ཁུངས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པར་བརྟེན་ནས། མཚོ་སྔོན་གྱིས་བཟོ་ལས་ཁྱབ་ཁོངས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་བསྒྱུར་བཀོད་ལ་མུ་མཐུད་ནས་སྐུལ་འདེད་བཏང་སྟེ། སྲོལ་རྒྱུན་ཐོན་ལས་ལྗང་མདོག་རིམ་སྤོར་ཇེ་མགྱོགས་སུ་གཏོང་བ་དང་། ཁེ་ལས་ཀྱིས་མཐར་མཇུག་གི་བཙོག་བཅོས་ནས་འབྱུང་ཁུངས་ཀྱི་ཐཱན་འཕྲི་དང་མ་ལག་ཕན་འབྲས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ཏེ། ལག་རྩལ་གསར་གཏོད་ཀྱིས་ཐོན་ལས་མུ་ཕྲེང་མཐུན་སྦྱོར་ཐཱན་གཅོག་ལ་སྐུལ་ཁྲིད་བྱས་ཏེ། སྐྱེ་ཁམས་སྔོན་དུ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་བཟོ་ལས་སྤུས་ཚད་མཐོ་བའི་ལམ་བུར་སྐྱོད་བཞིན་ཡོད།
ཧ་ཡང་ཐོན་ལས་ནི་མཚོ་སྔོན་ཞིང་ཆེན་གྱི་སྲོལ་རྒྱུན་དགེ་མཚན་ལྡན་པའི་ཐོན་ལས་ཤིག་ཡིན། མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་བཟོ་ལས་གླིང་ཁུལ་གྱི་མཚོ་སྔོན་མུན་རུའེ་ཧ་ཡང་ལས་རིགས་ཚད་ཡོད་ཀུང་སིའི་འཁོར་ཁང་དུ། བཞུ་ཐབ་ཐོན་སྐྱེད་ལམ་ཐིག་གོ་རིམ་ལྡན་པའི་སྒོ་ནས་འཁོར་སྐྱོད་བྱེད་བཞིན་ཡོད་པ་དང་། ཧ་ཡང་ཐོན་རྫས་རིམ་བཞིན་བཟོ་གྲྭ་ནས་ཕྱིར་འདོན་བྱེད་བཞིན་ཡོད། ཀུང་སི་དེས་ལོ་རེར་ཏུན་འབུམ་གཅིག་གི་ཧ་ཡང་ཐོན་རྫས་ལས་སྣོན་རྣམ་གྲངས་དང་པོ་ནས་དྲུག་པའི་བར་གྱི་ཐོན་སྐྱེད་ལམ་ཐིག་བེད་སྤྱོད་བྱས་པ་དང་བསྟུན་ནས། ལྗང་མདོག་ཐཱན་ཉུང་སྒྱུར་བཀོད་དེ་ཐོན་སྐྱེད་བརྒྱུད་རིམ་ཧྲིལ་པོར་སིམ་འཛུལ་བྱས།
མཚོ་སྔོན་མུན་རུའེ་ཧ་ཡང་ལས་རིགས་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ། ཀྲའོ་ཅན་གྱིས་བཤད་རྒྱུར།
མཚོ་སྔོན་གྱི་འོད་བརྟེན་དང་ཆུ་གློག་སོགས་དག་གཙང་ནུས་ཁུངས་ཀྱི་ཁྱད་ཆོས་ལ་བརྟེན་ནས་ཁེ་ལས་ཀྱིས་ནུས་ཁུངས་འཛད་སྤྱོད་སྒྲིག་གཞི་རྒྱུན་ཆད་མེད་པར་ལེགས་སྒྱུར་བྱས་ཏེ། ཐོན་སྐྱེད་ལྷུ་ཚིགས་སུ་ནུས་ཁུངས་གྲོན་ཆུང་གི་ལག་རྩལ་བསྒྱུར་བཀོད་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ། སྒྲིག་ཆས་རིམ་སྤོར་དང་བཟོ་རྩལ་ལེགས་བཅོས་བྱས་པ་བརྒྱུད། ཐོན་རྫས་རེ་རེའི་ནུས་ཟད་རྒྱུན་མཐུད་ངང་ཇེ་དམའ་རུ་གཏོང་བ་དང་། བཙོག་འབུད་ཚོད་འཛིན་ནན་མོ་བྱས་ཏེ། ལྗང་མདོག་ཐཱན་ཉུང་ཐོན་སྐྱེད་ལམ་ཐིག་དེ་ཧུར་ཐག་གིས་བསྐྲུན་ཏེ་སྲོལ་རྒྱུན་ཧ་ཡང་བཟོ་ལས་དེ་ཐཱན་ཉུང་ཅན་དུ་འགྱུར་བར་སྐུལ་འདེད་བཏང་།
མཚོ་སྔོན་གྱི་གཙོ་གནད་བཟོ་ལས་གླིང་ཁུལ་སོ་སོར་མདོག་ལྡན་ལྕགས་རིགས་བཙོ་སྦྱང་ལས་རིགས་རྙིང་པ་དེས་གསར་བརྗེ་བྱེད་བཞིན་ཡོད། མཐོ་གསར་རིག་ནུས་ཐོན་སྐྱེད་ཡོ་བྱད་གསར་པ་བརྗེ་བ་དང་ལྟེ་བའི་ཐོན་སྐྱེད་བཟོ་རྩལ་ལེགས་སྒྱུར་བྱེད་པ་བཅས་བརྒྱུད་ནས། ནུས་ཟད་བར་སྟོང་བྱེད་ཚད་མུ་མཐུད་ནས་ཇེ་ཉུང་དུ་གཏོང་བ་དང་ཐོན་ཁུངས་བེད་སྤྱོད་ཕན་འབྲས་མཐོར་འདེགས་སུ་བཏང་སྟེ། ལྗང་མདོག་ཐོན་སྐྱེད་ཀྱིས་སྲོལ་རྒྱུན་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་བསྐྱར་སྐྲུན་བྱེད་བཞིན་ཡོད། ཐོན་ལས་ལྗང་མདོག་ཚུལ་སྒྱུར་ལ་སྲིད་ཇུས་ཁྲིད་སྟོན་དང་ཞབས་ཞུ་གནད་འཁེལ་བྱེད་པ་ཤིན་ཏུ་གལ་ཆེ། མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གིས་ཁེ་ལས་རྣམས་ལ"སྔོན་ལ་འབག་བཙོག་བཟོས་རྗེས་བཅོས་སྐྱོང་བྱེད་པའི"མཐར་མཇུག་དོ་དམ་བྱེད་སྟངས་བསྒྱུར་བར་ཁྲིད་སྟོན་བྱས་ཤིང་། གོ་རིམ་ཧྲིལ་པོ་དང་མུ་ཕྲེང་ཧྲིལ་པོར་ཁྱབ་པའི་ཐཱན་འཕྲིའི་མ་ལག་འཛུགས་སྐྲུན་བྱ་བར་སྐུལ་མ་བཏང་ཞིང་། སྔོན་ཐོན་མིན་པའི་ཐོན་ནུས་ཕྱིར་འཐེན་དང་། ལྗང་མདོག་གི་བཟོ་རྩལ་གསར་པ་ཁྱབ་གདལ་གཏོང་དགོས་ལ། མདུན་གྲལ་གྱི་ཐཱན་ཉུང་ལག་རྩལ་བཀོད་སྒྲིག་བྱེད་པ་བཅས་བརྒྱུད་དེ་བཟོ་ལས་ལྗང་མདོག་ཅན་དུ་འཕེལ་རྒྱས་སུ་འགྲོ་བར་སྒུལ་ནུས་བསྩལ།
མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་བཟོ་ལས་ནུས་གྲོན་དང་ཕྱོགས་བསྡུས་བེད་སྤྱོད་ཁྲུའུ་ཡི་ལས་བྱེད་མི་སྣ། སུང་ཡོན་ཁྲའོ་ཡིས་བཤད་རྒྱུར།
ཕྱོགས་གཅིག་ནས་ལས་ཆོད་དམའ་བའི་སྒྲིག་ཆས་རྙིང་པ་དོར་ཏེ། ཐོན་སྐྱེད་བརྒྱུད་རིམ་ལེགས་བཅོས་བྱེད་པ་དང་། ནུས་གྲོན་བཟོ་རྩལ་གསར་པ་ཁྱབ་གདལ་གཏོང་བ། ཐཱན་ཉུང་ཚབ་བྱེད་རྒྱུ་ཆ་སྤྱོད་པ་བཅས་བྱེད་དགོས། ཕྱོགས་གཞན་ཞིག་ནས་ཁེ་ལས་ཀྱིས་ཐཱན་བསྡུ་ལེན་དང་ཐོན་ཁུངས་ཅན་དུ་བསྒྱུར་བ་སོགས་ཀྱི་མདུན་གྲལ་གྱི་ཐཱན་ཉུང་ལག་རྩལ་བཀོད་སྒྲིག་བྱེད་པར་སྐུལ་མ་གཏོང་དགོས། སྲོལ་རྒྱུན་བཟོ་ལས་དེ"གཞི་ཁྱོན་འཕར་སྣོན"ནས"སྤུས་ཚད་ལྗང་མདོག་འཕར་སྣོན"ལ་བསྒྱུར་བར་སྐུལ་འདེད་བཏང་ཡོད།
ཐོན་ལས་ཚོགས་པ་ཅན་དུ་འགྱུར་བའི་འཕེལ་ཕྱོགས་གཞིར་བཟུང་སྟེ། མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་དུ་ཐཱན་འཕྲིའི་བཅོས་སྐྱོང་ཟུར་ཚད་སྣུར་སྲིང་བྱས་ཏེ། ལྗང་མདོག་གི་ཚད་གཞི་ཐོན་སྐྱེད་འཁོར་ཁང་ནས་ཐོན་ལས་ཡོངས་ཀྱི་མུ་ཕྲེང་ཧྲིལ་པོར་ཁྱབ་སྟེ། ཐཱན་རྗེས་ཤུལ་དེ་མཚོ་སྔོན་གྱི་བཟོ་ལས་ལྗང་མདོག་ཚུལ་བསྒྱུར་གྱི་ཚད་གཞི་གསར་པར་འགྱུར་དགོས། མིག་སྔར་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་གཏོད་ཁུལ་ཀན་ཧི་བཟོ་ལས་གླིང་ཁུལ་གྱི"ལྗང་གློག་ཧ་ཡང"ལ་ཐཱན་རྗེས་ཤུལ་གྱི་ངོས་འཛིན་ཐོབ་ཡོད་པ་མ་ཟད། ཀུ་ཤུ་དང་ཝེ་ལའེ། ཝོ་ཨར་ཝོ་སོགས་མིང་གྲགས་ཅན་གྱི་ཁེ་ལས་མཁོ་སྤྲོད་མུ་ཕྲེང་ནང་དུ་ཞུགས་ཐུབ་ཡོད་པ་དང་། གཙོ་གནད་གློག་འབྱེད་ཧ་ཡང་ཁེ་ལས་ཀྱི་ཐཱན་རྗེས་ཤུལ་ངོས་འཛིན་དམིགས་ཚད་དེ་ལས་རིགས་ཁྲོད་ཀྱི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་ལ། རྨ་ཆུའི་ཞིན་ཡེ་ཀུང་སིས་གློག་འབྱེད་སྒྲིག་ཆས་བསྒྱུར་བཀོད་བྱས་པ་བརྒྱུད་ནས་ཧ་ཡང་ཏུན་རེར་ཐད་རྒྱུག་གློག་ཟད་ཚད་ཆུ་ཚོད་རེར་ཏུའུ333མར་ཆག་པ་མངོན་འགྱུར་བྱས་ཡོད།
མ་འོངས་པར་མཚོ་སྔོན་གྱིས་མུ་མཐུད་དུ་དག་གཙང་ནུས་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། ལྗང་མདོག་མཁོ་འདོན་རྒྱ་ཆེར་བསྐྱེད་དེ། གཙོ་གནད་ལས་རིགས་ཁག་གི་ནུས་གྲོན་ཐཱན་གཅོག ལྗང་མདོག་བཟོ་གྲྭ་གསོ་སྤེལ། ཐཱན་དོ་དམ་མ་ལག་འཛུགས་སྐྱོང་སོགས་ཀྱི་བྱ་བ་བརྟན་པོར་སྤེལ་ཏེ། སྲོལ་རྒྱུན་བཟོ་ལས་ལྗང་མདོག་ཚུལ་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་མཐོ་ས་བསྐྲུན་པར་བཟོ་ལས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས།