ཉེ་ཆར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི2026ལོའི་དགུན་དུས་ཡུལ་སྐོར་དང་མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ་ཞེས་པའི་དགུན་དུས་ཡུལ་སྐོར་གྱི་ཞིང་ལས་ཟོང་རྟགས་ཕྱོགས་ཡོངས་ནས་འོས་སྦྱོར་བྱེད་པའི་བྱེད་སྒོ་ཟི་ལིང་གྲོང་ཁྱེར་ཧའེ་ཧུའུ་ཐང་ཆེན་དུ་སྤེལ།
ཐེངས་འདིའི་བྱེད་སྒོར་རིག་གནས་ཡུལ་སྐོར་ཐོན་ཁུངས་འགྲེམ་སྟོན་དང་ཞིང་ཕྱུགས་ཐོན་རྫས་འགྲེམ་འཚོང་། གཟུགས་འདས་ཤུལ་བཞག་རིག་རྩལ་འཁྲབ་སྟོན། དམངས་སྲོལ་ལག་ལེན་བཅས་ཚན་པ་ཆེན་པོ་བཞི་བཀོད་སྒྲིག་བྱས་ཡོད་ཅིང་། བྱེད་སྒོར་ཁུལ་དང་རྫོང་མཉམ་འབྲེལ་གྱིས་ཞུགས། ཞིང་ཕྱུགས་ཐོན་རྫས་འགྲེམ་འཚོང་ཁུལ་དུ་བོད་ལུག་གི་ཤ་དང་ནོར་གནག་གི་ཤ། ནས་ཀྱི་ཐོན་རྫས། རྩྭ་ཐང་གི་སྦྲང་རྩི་སོགས་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་བཤམས་སྟོན་བྱས་ཤིང་། བྱེད་སྒོའི་ཡུལ་དངོས་སུ་རོ་བཅུད་ལྡན་པའི་ཟས་རིགས་སྣ་ཚོགས་ལ་རོལ་མྱོང་བྱེད་དུ་བཅུག ད་དུང་མཁའ་ལམ་རིན་སྤྲོད་འཛིན་ཤོག་སྤྱད་ནས་འཛད་སྤྱོད་པར་མདའ་བཞིའི་མཐོ་སྒང་གི་ཁྱད་ལྡན་ཟས་མཆོག་ཉོ་སྒྲུབ་ཐད་སྟབས་བདེ་བསྐྲུན་ནས། མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི་ཟོང་རྟགས་གྲགས་ཅན་གྱི་ཡིད་འགུག་ནུས་པ་ཆེ་རུ་བཏང་།
བྱེད་སྒོའི་ཡུལ་དངོས་སུ་ཕྱིར་བཙོང་བྱས་ཚད་སྒོར་འབུམ1སྟོང3ལྷག་ཟིན་ལ། སྐོར་བྲོ་མཉམ་རྩེད་དང་མེ་ཁོག་མཉམ་སྤྱོད་སོགས་ཀྱི་དམངས་སྲོལ་བྱེད་སྒོ་སྤེལ་ནས། བྱེད་སྒོ་འདིས་རྩྭ་ཐང་གི་མཛེས་ལྗོངས་དང་ཞིང་ཕྱུགས་ཐོན་རྫས་གྲོང་ཁྱེར་དུ་དྲངས་ནས་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་ཐབས་ལམ་རྒྱ་བསྐྱེད་པ་དང་། མཚོ་བྱང་གི་དགུན་དུས་རིག་གནས་ཡུལ་སྐོར་གྱི་སྙན་གྲགས་ཆེ་རུ་བཏང་ནས། རིག་གནས་ཡུལ་སྐོར་མཉམ་འདྲེས་དང་ཞིང་ཕྱུགས་ཐོན་ལས་ཡར་རྒྱས་ཐད་ནུས་པ་བཏོན།