ཉེ་ཆར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་རྫོང་གིས་ལས་བྱེད་པ་བཀོད་སྒྲིག་བྱས་ཏེ། སྡེ་བ་དང་ཁྱིམ་ཚང་དུ་སོང་ནས་སྲིད་ཇུས་སྒྲོག་འགྲེལ་དང་བཤས་གཏོང་གཞི་གྲངས་ཞིབ་དཔྱད། བཤས་གཏོང་བྱ་བར་སྐུལ་འདེད་བཏང་ནས་ནོར་ལུག་བཤས་གཏོང་ལ་ཁ་གསབ་སྤྲོད་པའི་འབྲེལ་ཡོད་བྱ་བ་ཏན་ཏིག་ངང་ཡག་པོ་བསྒྲུབས།
མིན་ཡོན་རྫོང་རྒྱལ་མཁར་ཡུལ་ཚོ་རུ། ཞིང་ཕྱུགས་སྡེ་ཁག་གི་ལས་བྱེད་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་ཕྱུགས་སྨན་ས་ཚིགས་ཀྱི་ལས་བྱེད་མི་སྣས། ཡུལ་དངོས་ནས་གསོ་སྤེལ་ཁྱིམ་ཚང་གི་ཕྱུགས་གྲངས་རྩིས་ལེན་དང་ནད་ཡམས་བརྟག་ཞིབ་ཀྱི་དཔང་ཡིག་དཔྱད་བཤེར། པར་བླངས་ནས་ཡིག་ཚགས་ཉར་ཚགས་བཅས་བྱས་ཏེ། གསོ་སྤེལ་ཁྱིམ་ཚང་ལ་ཡིག་ཐོག་སྙན་ཞུའི་དཔྱད་ཡིག་འབྲི་བར་ཁྲིད་སྟོན་བྱས། ཞིང་ཕྱུགས་སྡེ་ཁག་གི་ལས་བྱེད་པས་ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བྱེད་པ་དང་སྡེ་བའི"ཨུ་ལྷན་གཉིས"ཀྱི་ཁོངས་མི་དང་མཉམ་འབྲེལ་བྱ་བའི་ཚན་ཆུང་བཙུགས་ནས། ཁྱིམ་ཚང་རེ་རེ་བཞིན་བཤས་གཏོང་བྱེད་ཚད་ཞིབ་དཔྱད་བྱས་ཏེ"ཁྱིམ་ཚང་རེར་ཡིག་ཚགས་རེ་ཡོད་པའི"བྱ་བའི་རྩིས་ཁྲ་བཟོས་ནས"བཤས་གཏོང་ལ་ཐོ་འགོད་ཡོད་པ་དང་ཁ་གསབ་ལ་གཞི་འཛིན་ཡོད་པ། མ་དངུལ་ལ་ལྟ་ཞིབ་དོ་དམ་ཡོད་པ"བཅས་བྱས།
མིན་ཡོན་རྫོང་གིས་ཁ་གསབ་མ་དངུལ་སྤྲོད་པའི་བརྒྱུད་རིམ་ཇེ་ལེགས་སུ་བཏང་ཞིང་། ཞིབ་མཆན་གཏོང་སྤྲོད་ཀྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་ཁ་གསབ་མ་དངུལ་དུས་ཐོག་དང་ཆ་ཚང་ངང་ཁྱིམ་ཚང་ལ་སྤྲོད་ཐུབ་པའི་འགན་ལེན་བྱས། མིག་སྔའི་བར་རྫོང་ཡོངས་སུ་རིམ་རྩིས་བྱས་ན་བཤས་གཏོང་བྱས་པའི་ནོར་ལུག་འབུམ་ལྔ་ཁྲི་བཞི་སྟོང་དྲུག་དགུ་བརྒྱ་ཟིན་པ་དང་། ཁ་གསབ་མ་དངུལ་གོ་རིམ་ལྟར་ཁག་བགོས་ནས་སྤྲོད་བཞིན་ཡོད།