མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།
ཚོགས་འདུའི་སྟེང་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཀྱི་འགན་འཁུར་བློ་མཐུན་དང་། ཆེད་མཁས་པ་དང་སྲིད་གྲོས་ཨུ་ཡོན་ཁག་ཅིག་གིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱ་བ་དང་། 2027ལོ་འཁོར་གྱི་གྲོས་མོལ་གྲོས་དོན་གཙོ་བོ། འབྲེལ་ཡོད་གྲོས་གཞིའི་གྲོས་འདོན་ཐད་ནས་བསམ་བློ་བརྗེ་རེས་གཏིང་ཟབ་བྱས།
མགོན་པོ་བཀྲ་ཤིས་ཀྱིས་ཚང་མའི་གཏམ་བཤད་ལ་ནན་ཏན་ངང་ཉན་རྗེས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱེད་པའི་དུས་འགོའི་བྱ་བར་སོ་སོར་ཁས་ལེན་གང་ལེགས་བྱས་ཤིང་། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས། མིའི་རིགས་ཀྱི་ལས་བསྐལ་གཅིག་མཐུན་ཚོགས་པ་དང་སའི་གོ་ལའི་ལས་སྐལ་གཅིག་མཐུན་ཚོགས་པར་གཞི་ཚུགས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ལ་ཚད་མཐོའི་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་སྤྱི་གླིང་གཙོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་དམིགས་བསལ་རང་བཞིན་དང་། རྩ་ཆེའི་རང་བཞིན། མཚོན་བྱེད་རང་བཞིན་བཅས་ལ་ངོས་འཛིན་དང་བསམ་གཞིགས་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། མཐོ་སྒང་གི་མཚེའུ་ཡི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་གནམ་གཤིས་སྙོམ་སྒྲིག་སོགས་ཐད་ཀྱི་སྣ་མང་སྐྱེ་ཁམས་རིན་ཐང་སྔོག་འདོན་གང་ལེགས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱེད་པའི་ཚད་གཞིར་དམིགས་ནས་ཞན་ཆ་གསབ་པ་དང་བྱ་བའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱ་བའི་མ་ལག་ཅན་གྱི་ཞིབ་འཇུག་ལ་ཤུགས་སྣོན་དགོས་ལ། ཕྱོགས་སོ་སོའི་ཐོན་ཁུངས་སྟོབས་ཤུགས་བསྡུ་སྒྲིལ་གང་ལེགས་བྱས་ཏེ། གསར་འཛུགས་བྱ་བའི་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། ཞིང་ཆེན་སྲིད་གྲོས་ཀྱིས་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་ཡོངས་ཚོགས་ཆེན་གཉིས་སོགས་སྟེགས་བུར་བརྟེན་ནས་ཧུར་ཐག་གིས་གྲོས་འགོ་བཏོན་ཏེ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དེ་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་འཛམ་གླིང་གི་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཔེ་མཚོན་དུ་བསྐྲུན་རྒྱུའི་འབོད་སྐུལ་གཏོང་དགོས། །