སྟོན་ཟླ་བཅུ་བར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་ར་ཆགས་སྐེ་སྡེ་བའི་སིལ་སྡོང་རེ་རེ་ཡི་ཡལ་གའི་སྟེང་གསེར་མདོག་གིས་བྱུགས་པའི་བ་སིལ་གྱིས་ཁེངས་ཡོད་པ་དང་ལྗིད་ཏིག་ཏིག་གི་ཤིང་འབྲས་ཀྱིས་ཡལ་ག་མར་མནན་ནས་སིལ་རའི་ནང་དུ་སྡེ་མི་རྣམས་ཀྱིས་བ་སིལ་བཏོག་པའི་ལས་ལ་བརྩོན་བཞིན་འདུག སྡེ་མི་ཚོས་ནམ་ཟླ་བཟང་བོའི་སྐབས་དང་བསྟུན་ནས་བ་སིལ་བཏོག་པ་དང་།བཟང་ངན་བགོ་བ།སྒམ་ནང་འཇོག་བཞིན་འདུག་པས་ཡུན་གྱིས་ལྡིང་བའི་སྟོན་རླུང་ཁྲོད་དུའང་བ་སིལ་མངར་མོའི་དྲི་ཞིམ་ཁྱེར་ནས་གྲོང་གསེབ་དར་སྤེལ་གྱི་ལོ་ལེགས་བསྡུ་བའི་རོལ་མོ་ངང་གིས་དཀྲོལ།
ཉེ་བའི་ལོ་ཤས་རིང་ལ། ཆུ་ནུབ་གྲོང་རྡལ་གྱིས་ཏང་འཛུགས་ཀྱིས་ཁྱད་ལྡན་ཤིང་འབྲས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་རྒྱུན་བསྐྱངས་ཏེ། ར་ཆགས་སྐེ་སྡེ་བའི་བ་སིལ་གྱི་ཐོན་ཁུངས་ལེགས་ཆ་འདི་ལ་གཞི་བཙུགས་ནས་རྒྱུན་མཐུད་ངང་ཁྱད་ལྡན་སིལ་ཏོག་གི་དགེ་མཚན་གོང་དུ་གཏད། བསྟུད་མར་བ་སིལ་གྱི་རྒྱུ་སྤུས་མཐོ་རུ་གཏོང་ཆེད་ལག་རྩལ་མཛུབ་སྟོན་དང་ལེགས་བཅོས་དོ་དམ་གྱི་བྱེད་ཐབས་སྤྱད་དེ་སིལ་སྡོང་ལ་བདག་སྐྱོང་བྱེད་པར་ཤུགས་བསྣན་པ་དང་མཉམ་དུ“སིལ་སྡོང་+རིག་སྐོར་”མཉམ་འདྲེས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དཔྱིད་དུས་མེ་ཏོག་ལ་ལྟ་བ་དང་སྟོན་དུས་སིལ་ཏོག་བཏོག་པ། ཧུར་ཐག་གིས་སིལ་སྐམ་དང་དགུན་སིལ་སོགས་ལས་སྣོན་ཞིབ་ཚགས་ཀྱི་ཐོན་རྫས་འཚོལ་ཞིབ་བྱས་ཏེ་ཐོན་ལས་སྦྲེལ་ཐག་རིང་དུ་བཏང་ནས། “སིལ་སྡོང་རྙིང་བ”དེ་སྡེ་མིའི“ཕྱུག་འགྱུར་སིལ་སྡོང་”དུ་བསྒྱུར་ཏེ་བ་སིལ་ཆུང་བ་དེ་མང་ཚོགས་ཀྱི་ཡོང་འབབ་བརྟན་བརླིང་ཡོང་བའི་ཁྲིད་སྟོན་དང་སྡེ་བའི་མཉམ་སྡེབ་དཔལ་འབྱོར་གོང་སྤེལ་དུ་གཏོང་བའི་འབྱོར་ཕྱུག་སིལ་ཏོག་ཏུ་བསྒྱུར།