ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས3ཉིན། གསར་འགོད་པས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ནས་ཤེས་རྟོགས་བྱུང་པར་གཞིགས་ན། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཚན་རྩལ་པུའུ་སོགས་སྡེ་ཚན་བཅུ་དང་མཉམ་དུ《ཁེ་ལས་ཆུང་འབྲིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད》(གཤམ་དུ《འཆར་འགོད》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་ཁེ་ལས་ཆུང་འབྲིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་བཏང་།
གྲངས་གཞི་ལས་མངོན་པ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་རང་རྒྱལ་གྱི་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས། གཞི་ཁྱོན་ཡན་གྱི་ཁེ་ལས་ཆུང་འབྲིང་གི་ལས་གཉེར་ཡོང་འབབ་དང་རྒྱུ་ནོར་བསྡོམས་འབོར་ལོ་རེར་ཆ་སྙོམས་ཀྱིས5.7%དང6.6%སོ་སོར་འཕར་བ་དང་། གསར་གཏོད་ནུས་པ་མགྱོགས་མྱུར་སྒོས་ཆེ་རུ་ཕྱིན་པ་དང་། ཆེད་ལས་དང་སྤུས་ལེགས། ཁྱད་ལྡན། གསར་པ་བཅས་ཀྱི“གསེར་ཡིག་སྒོ་བྱང”རྒྱུན་མཐུད་ངང་གསལ་པོར་བསྒྱུར་བ་དང་། ཆེད་ལས་དང་སྤུས་ལེགས། ཁྱད་ལྡན། གསར་པ་བཅས་ཀྱི“གྱད་མི་ཆུང་གྲས”ཁེ་ལས་ཀྱིས་ཆ་སྙོམས་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཚད7%ཟིན་པ་དང་། ཆ་སྙོམས་ཀྱིས་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་སྒོར་ཁྲི3000ཡན་བཏང་ཡོད།
《འཆར་འགོད》ནང་སྤྱིའི་དམིགས་ཚད་བཏོན་པ་སྟེ། 2030ལོར་བསླེབས་སྐབས་རང་རྒྱལ་གྱི་ཁེ་ལས་ཆུང་འབྲིང་གི་སྤྱི་ཡོངས་འཕེལ་རྒྱས་ཀྱི་གྲངས་འབོར་དང་སྤུས་ཚད་གཉིས་ཀ་མཐོ་རུ་འགྲོ་བ་དང་། ཁེ་ལས་ཆུང་འབྲིང་གི་ལས་གཉེར་ཡོང་འབབ་དང་རྒྱུ་ནོར་བསྡོམས་འབོར་བརྟན་རླིང་ངང་འཕར་བ། ངལ་རྩོལ་ཐོབ་ཆ་དང་ངལ་རྩོལ་ཐོན་སྐྱེད་ གསར་གཏོད་དང་འཕེལ་རྒྱས་གཏོང་བའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་སོང་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཆུང་འབྲིང་གི་ཞིབ་འཇུག་གསར་སྤེལ་འགྲོ་གྲོན་གྱི་ནང་ཁུལ་གཏོང་སྒོ་ལོ་རེར་ཆ་སྙོམས་ཀྱིས8%ཡན་འཕར་བ། གྲངས་གཞིའི་རིག་ལྡན་ཅན་དང་ལྗང་མདོག་ཅན་གྱི་ཆུ་ཚད་མགྱོགས་མྱུར་མཐོ་རུ་ཕྱིན་ནས་གྲངས་གཞིའི་རིག་ལྡན་ཅན་གྱི་ཕྱོགས་སྒྱུར་གྱི་དཔེ་མཚོན་ཉེར་སྤྱོད་རྣམ་པ་ཁག་གཅིག་བཏོད་དེ་ཁེ་ལས་ཆུང་འབྲིང་གི་གྲངས་གཞིའི་རིག་ལྡན་ཅན་གྱི་ཆུ་ཚད་རིམ་པ་གཉིས་པས་བཟུང་བའི་བསྡུར་ཚད95%ཡན་དང་། རིམ་པ་གསུམ་པས་བཟུང་བའི་བསྡུར་ཚད80%ཡན་ཟིན་ནས་ནུས་རྒྱུ་ཐོན་ཁུངས་བེད་སྤྱོད་ཀྱི་ཕན་འབྲས་མངོན་གསལ་དོད་པོས་མཐོར་འདེགས་བྱུང་བ། ཞབས་ཞུའི་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་ཕྱིན་ནས་རྒྱལ་ཡོངས་ཀྱི་ཁེ་ལས་ཆུང་འབྲིང་གི་ཞབས་ཞུའི“དྲ་བ་གཅིག”གི་ཞབས་ཞུའི་ཕན་ནུས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་བས་ཇེ་ལེགས་སུ་གཏོང་བ་དང་། ཁེ་ལས་ཆུང་འབྲིང་གི་རྩིས་ཁྲའི་དངུལ་འགྱངས་ཆད་བྱེད་པར་དོགས་ཟོན་དང་འགོག་སེལ་བྱེད་པའི་ཕུགས་ཕན་ལམ་སྲོལ་གཞི་རྩའི་ཆ་ནས་འཛུགས་པ་དང་། ཁེ་ལས་ཆུང་འབྲིང་གི་སྣ་མང་ཅན་གྱི་དངུལ་རྩ་མཉམ་འདྲེས་ཀྱི་ཐབས་ལམ་སྔར་བས་རྒྱ་བསྐྱེད་གཏོང་དགོས་པ་བཅས་ཡིན།
ཁེ་ལས་ཆུང་འབྲིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས《འཆར་འགོད》ནང་ཕྱོགས་བདུན་གྱི་ཐད་ནས་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་ཏེ་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱས་ཡོད། གཅིག་ནི་ཁེ་ལས་དང་ལས་ཞུགས་བརྟན་པོ་ཡོང་བ་བྱས་ནས་ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་དགོས། གཉིས་ནི་ཁེ་ལས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆེད་ལས་དང་སྤུས་ལེགས། ཁྱད་ལྡན། གསར་པ་བཅས་ཀྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་དགོས། གསུམ་ནི་གྲངས་རིག་ཅན་དང་ལྗང་མདོག་ཅན་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་ཁེ་ལས་ཀྱི་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། བཞི་ནི་མཐུན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཐོན་ལས་སྦྲེལ་ཐག་གི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་དགོས། ལྔ་ནི་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་རྨང་གཞིའི་འདེགས་སྐྱོར་བརྟན་པོ་བསྐྲུན་དགོས། དྲུག་ནས་ཁེ་ལས་ཆུང་འབྲིང་གི་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་ཁེ་ལས་ཀྱི་མ་གནས་དམའ་རུ་གཏོང་བ་དང་སྤུས་ཕན་མཐོ་རུ་གཏོང་དགོས། བདུན་ནི་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས། ཁེ་ལས་ཆུང་འབྲིང་འཕེལ་རྒྱས་གཏོང་བའི་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས།
གླེང་རིན་ཡོད་པ་ཞིག་ནི《འཆར་འགོད》ནང་རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་འཕེལ་རྒྱས་སྔར་བས་འབུར་དུ་བཏོད་ཡོད། །