ཟླ8ཚེས27ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གཉིས་ཀྱིས་ཞང་ཀང་དུ《སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་འབྲེལ་ཡོད་མཉམ་ལས་བཀོད་སྒྲིག》ལ་མིང་རྟགས་འགོད་པའི་མཛད་སྒོ་བསྡུས། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་སྲིད་དོན་སིའི་སི་ཀྲང་ཁྲིན་གོ་ཅི་ཚོགས་འདུར་ཞུགས་པ་མ་ཟད་གྲོས་མོལ་བྱས།
ཉེ་བའི་ལོ་ཤས་རིང་། མཚོ་སྔོན་དང་ཞང་ཀང་བར་གྱི་མཉམ་ལས་འབྲེལ་བ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་ཕྱིན་པ་དང་། ས་ཆ་གཉིས་བར་གྱི་མཛའ་བརྩེ་གཏིང་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་ལ། མཐོ་རིམ་དཔོན་རིགས་བར་འབྲེལ་འདྲིས་དམ་ཟབ་བྱས་པ་དེས་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། མཚོ་སྔོན་དང་ཞང་ཀང་གཉིས་ཀ་ས་ཐག་རིང་པོ་ཡིན་ནའང་ལྗང་མདོག་འཕེལ་རྒྱས་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དམིགས་ཡུལ་གཅིག་མཐུན་ཡིན་པས། མཉམ་ལས་བྱེད་པའི་གོ་སྐབས་རྒྱ་ཆེ་བ་དང་སྦས་ཤུགས་ཆེན་པོ་ལྡན། ཞང་ཀང་ལ་རྒྱལ་སྤྱིའི་དྲ་རྒྱ་དང་སྔོན་ཐོན་ཁོར་ཡུག་དོ་དམ་ལག་རྩལ་ཡོད་པ་དང་། མཚོ་སྔོན་ནི་སྐྱེ་ཁམས་སྲུང་སྐྱོབ་དང་ནུས་ཁུངས་གཙང་མའི་ཐད་རྨང་གཞི་བརྟན་པོ་ཡོད་པས་ཕྱོགས་གཉིས་ཀྱི་མཉམ་ལས་རྨང་གཞི་བརྟན་པོ་ཡིན། ཐེངས་འདིའི་གན་རྒྱ་འཇོག་སྐབས་ཁོར་ཡུག་ལྟ་ཞིབ་ལག་རྩལ་བརྗེ་རེས་དང་། སྲ་གཟུགས་གད་སྙིགས་ཐག་གཅོད་བེད་སྤྱོད། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་ལྗང་མདོག་དངུལ་རྩ་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་དངོས་གཉེར་བྱ་རྒྱུ་གཙོ་གནད་དུ་བཟུང་ནས། རྒྱལ་ཁབ་ཀྱི"ལོ་ལྔའི་འཆར་འགོད་བཅོ་ལྔ་པའི"འཆར་འགོད་དང་འབྲེལ་མཐུད་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་པར་སྐུལ་འདེད་གཏོང་རྒྱུ་ཡིན། མཚོ་སྔོན་གྱིས་ད་ཐེངས་ཀྱི་གན་རྒྱ་བཞག་པ་དེ་འགོ་འཛུགས་སར་བརྩིས་ནས་ཞང་ཀང་དང་མཉམ་དུ་སྐྱེ་ཁམས་བཅོས་སྐྱོང་གི་ལག་རྩལ་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས། ཐཱན་འདུས་ཉོ་ཚོང་ལམ་སྲོལ་བཅས་ཀྱི་ཐད་ཕན་ཚུན་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ས་གནས་གཉིས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནུས་པ་སྔར་ལས་མཐོར་འདེགས་གཏོང་བ་དང་། ས་ཁོངས་བརྒལ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཉམ་ལས་ཀྱི་དཔེ་གཞི་གསར་བ་མཉམ་དུ་བསྐྲུན་འདོད་ཡོད།
གྲོས་མོལ་ཁྲོད་མཚོ་སྔོན་དང་ཞང་ཀང་ཕྱོགས་གཉིས་ཀྱིས་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།