རྨ་ལྷོ་ཁུལ་གྱིས་ཞིང་བའི་ལོ་ལེགས་དུས་སྟོན་གྱི་ཕྲེང་བསྟར་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི2026ལོའི་ལོ་ལེགས་དུས་སྟོན་བསུ་བའམ་སྐབས་གསུམ་པའི་མཚོ་སྔོན་རིམ་འདས་རྐང་གྲུག་འགྲན་སྡུར་གྱི་རོང་འབྲོག་ལས་སྤུས་རྟགས་དྲིལ་སྒྲོག་འོས་སྦྱོར་དང་ཞིང་ཕྱུགས་ཐོན་རྫས་འགྲེམ་ཚོང་བྱེད་སྒོ་སྤེལ་ཞིང་། ལས་རིགས་སོ་སོའི་སྐུ་མགྲོན་དང་། ཁེ་ལས་པའི་འཐུས་ཚབ་དང་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཐུན་རིན་དུ་མཉམ་འཛོམས་བྱུང་ལ། མཉམ་དུ་ལོ་ལེགས་ཀྱི་དགའ་སྐྱིད་ལ་རྟེན་འབྲེལ་ཞུས་ཤིང་། མཉམ་གཅིག་ཏུ་ཞིང་སྡེ་དར་སྤེལ་གྱི་མདུན་སྐྱོད་གླེང་། ཐེངས་འདིའི་བྱེད་སྒོ་འདི་ནི་རྨོ་འདེབས་ལ་བཀུར་བསྟོད་བྱེད་པའི་དམངས་སྲོལ་དགྱེས་འཛོམས་ཤིག་ཡིན་ལ། ཐོན་རྫས་འགྲེམ་ཚོང་སྦྲེལ་མཐུད་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཀྱང་ཡིན། གཅིག་བསྡུས་སྒོས་རྨ་ལྷོའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེས་སྟོན་བྱེད་པ་བརྒྱུད་ནས། མཁོ་སྤྲོད་ལ་གནད་དུ་ཁེལ་བའི་སྦྲེལ་མཐུད་ཀྱི་ཟམ་པ་བཙུགས་ཏེ། གོམ་གང་མདུན་སྤོས་ཀྱིས་རྨ་ལྷོའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་མིང་བྱང་གསལ་བོར་ཕྱིས་ནས། ཞིང་སྡེ་དར་སྤེལ་གྱི་ནང་མཁོའི་སྒུལ་ཤུགས་བསླངས་པ་རེད།

བྱེད་སྒོ་དེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་གནས་འཛུགས་པར་རྐང་ཚུགས་ནས། ལོ་ལེགས་ནི་བརྗོད་དོན་དང་། འགྲེམ་ཚོང་ནི་འདྲེན་སྐུད་བྱས་ཏེ། ལོ་ལེགས་མཆོད་བསྟོད་དང་། ཁྲོམ་ར་སྦྲེལ་མཐུད། ཐོན་ལས་ལ་ནུས་པ་སྤྲོད་པའི་འཕེལ་རྒྱས་ཀྱི་དགྱེས་འཛོམས་ཤིག་ཡིན་པ་རེད། ཡུལ་དངོས་སུ་དུས་མཉམ་དུ་ས་ཁོངས་སྤྱི་སྤྱོད་སྤུས་རྟགས་དབང་སྤྲོད་དང་། འཐུས་མིའི་གཏམ་བཤད། དམངས་སྲོལ་རིག་རྩལ་འཁྲབ་སྟོན་སོགས་ཀྱི་ཚན་པ་སྤེལ་ཞིང་། གཅིག་བསྡུས་སྒོས་རྨ་ལྷོའི་མཐོ་སྒང་ཁྱད་ལྡན་རོང་འབྲོག་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་བསྟན་པ་དང་། རི་ཆུས་བརྒྱན་པའི་རྨ་ལྷོ། མཐོ་སྒང་རང་བྱུང་ཐོན་རྫས་ཞེས་པའི་ས་ཁོངས་སྤྱི་སྤྱོད་སྤུས་རྟགས་འོས་སྦྱོར་བྱས་ཏེ། ཞིང་ལས་དང་ལུས་རྩལ། རིག་གནས་ཡུལ་སྐོར། ཚོང་ལས་བཅས་ལས་རིགས་མང་པོ་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་།

བྱེད་སྒོའི་ཡུལ་དངོས་སུ། ཞིང་ལས་དང་འབྲེལ་བའི་ཁེ་ལས་གལ་ཆེན་བརྒྱད་ལ་ཁུལ་རིམ་པའི་རོང་འབྲོག་ལས་སྤྱི་སྤྱོད་སྤུས་རྟགས་དབང་སྤྲོད་བྱས་ཤིང་། ཁེ་ལས་ཀྱིས་ཐོན་རྫས་སྤུས་ཚད་ནན་སྲུང་བྱེད་པ་དང་། སྤྱི་སྤྱོད་སྤུས་རྟགས་ཀྱི་ཁེ་སྤོགས་ལེགས་པར་བཀོལ་ནས། རོང་འབྲོག་མང་ཚོགས་ལ་སྣེ་ཁྲིད་ནས་ཡོང་འབབ་འཕར་བར་སྐུལ་མ་བྱས། ཞིང་ལས་དང་འབྲེལ་བའི་ཁེ་ལས་འཐུས་མིས་བཤད་རྒྱུར། མུ་མཐུད་དུ་རྒྱུན་ཆད་མེད་པར་ཀུང་ཟི་དང་མཉམ་ལས་ཁང་། འབྲོག་ཁྱིམ་བཅས་གཞི་གཅིག་ཏུ་བྱས་ཏེ་ཞིང་འབྲེལ་ཞིང་ཁྲིད་བྱེད་པའི་རྣམ་པ་ཟབ་སྤེལ་བྱ་རྒྱུ་ཡིན་ཞིང་། ནོར་གནག་དང་། བོད་ལུག་སོགས་རང་ས་གནས་ཀྱི་ཐོན་ཁུངས་ལ་བརྟེན་ནས། སྤུས་ལེགས་ལས་སྣོན་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཁྲོམ་ར་རྒྱ་བསྐྱེད་རྒྱུ་ཡིན་ཟེར། རྒྱུས་ལོན་བྱུང་བ་ལྟར་ན། ས་གནས་ཀྱི་ཞིང་ལས་དང་འབྲེལ་བའི་ཁེ་ལས་འགའ་ཡིས་ལས་མི་ལས་ཞུགས་དང་། རྒྱུ་ནོར་ཁེ་སྤོགས་མཉམ་བགོ ། གོང་དམའ་མོས་ཉོ་སྡུད་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས། འབྲོག་ཁྱིམ་སྟོང་ཕྲག་ལྷག་ལ་ཡོང་འབབ་འབྱུང་བར་སྣེ་ཁྲིད་བྱས་ཤིང་། ཁྱད་ལྡན་ཐོན་རྫས་མང་པོ་ཞིག་ལ་རྒྱལ་ཁབ་ཕྱི་ནང་གི་སྐྱེ་ལྡན་དཔང་ཡིག་ཐོབ་པ་དང་། ཐོན་རྫས་ཁ་ཤས་ཤིག་ཕྱི་རྒྱལ་དུ་འཚོང་ཐུབ་པ་བྱུང་།

རྨ་ལྷོ་ཁུལ་ནི་མཚོ་བོད་མཐོ་སྒང་གི་ལྟེ་བར་གནས་ཤིང་། རོང་འབྲོག་ལས་ཀྱི་རྨང་གཞི་ཧ་ཅང་བརྟན་པོ་ཡོད། ཉེ་བའི་ལོ་འགའི་རིང་། ས་གནས་ཀྱིས་ཞིང་གསུམ་བྱ་བའི་ཇུས་གཞི་བཀོད་སྒྲིག་གི་རྣམ་གྲངས་སོ་སོ་ལག་བསྟར་ཟབ་སྤེལ་བྱས་པ་དང་། སྐྱེ་ཁམས་ཀྱིས་ཁུལ་འཛུགས་པ་དང་། ཐོན་ལས་ཀྱིས་ཁུལ་དར་བ་རྒྱུན་འཁྱོངས་བྱས་ཏེ། འདེབས་འཛུགས་ལས་རིགས་ཀྱི་ཡོང་འབབ་མཐོར་འདེགས་དང་། ཞིང་ཕྱུགས་ལས་རིམ་སྤར་གཞན་སྒྱུར་ལ་སྐུལ་འདེད་བཏང་ནས། རྒྱུན་ཆད་མེད་པར་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གི་གཞི་ཁྱོན་ཇེ་ཆེར་བཏང་བ་དང་། ཞིང་སྡེའི་ཐོན་ལས་སྔར་ལས་གོང་འཕེལ་བྱུང་ཞིང། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་བརྟན་པོར་འཕར་བ་དང་། གྲོང་གསེབ་དར་སྤེལ་གྱི་གྲུབ་འབྲས་མིག་མཐོང་ལག་ཟིན་དུ་གྱུར་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།