ཟླ8པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་སྒྲུབ་བྱས་པའི་ཁུ་ནུ་རིག་གནས་ཤུལ་བཞག་ལ་གསོན་ཤུགས་བསྩོལ་བའི་མཉམ་འགྲོའི་གླེང་སྟེགས་ཟི་ལིང་དུ་བསྡུས། ཆེད་མཁས་པ་དང་སློབ་གཉེར་བ་ཚོས་ཁུ་ནུ་རིག་གནས་ཀྱི་སྲུང་སྐྱོབ་དང་རྒྱུད་འཛིན། གསོན་ཤུགས་བསྩོལ་བ། ཞིབ་འཇུག་བྱེད་པ་བཅས་ལ་དམ་པོར་དམིགས་ཏེ། ཕྱོགས་མི་འདྲ་བ་ནས་ཁུ་ནུ་རིག་གནས་ཀྱི་མ་ལག་རང་བཞིན་གྱི་སྲུང་སྐྱོབ་དང་གསར་གཏོད་རང་བཞིན་གྱི་ལག་ལེན་ཐབས་ལམ་ལ་ཞིབ་འཇུག་བགྲོ་གླེང་བྱས་ཏེ། ཁུ་ནུ་རིག་གནས་ཀྱི་ལྟེ་བའི་འཛིན་སྐྱོང་ས་ཁུལ་དུ་གྱུར་བའི་མཚོ་སྔོན་གྱི་རིག་གནས་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་།
ཐེངས་འདིའི་གླེང་སྟེགས་སུ་རིག་གཞུང་ནུས་བསྩོལ་གྱི་སྲུང་སྐྱོབ་རྒྱུན་འཛིན་བྱས། ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ14ཡིས་རིམ་པ་ལྟར་ཞིབ་འཇུག་གི་གྲུབ་འབྲས་དང་ལག་ལེན་གྱི་ཉམས་མྱོང་མཉམ་སྤྱོད་བྱས་པ་དང་། གཏམ་བཤད་ཁྲོད་གནའ་རྫས་དངོས་དཔང་དང་རིག་དངོས་སྲུང་སྐྱོབ། ཡིག་ཆའི་དངོས་དཔང་། གཞི་གྲངས་ཅན་གྱི་གསོག་ཉར། རིག་གཞུང་འགྲེལ་བཤད་སོགས་ཀྱི་ཁྱབ་ཁོངས་འདུས་ཡོད། སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་གཙོ་བོར་བཟུང་ནས་གཟབ་ནན་གྱི་དབྱེ་ཞིབ་དང་རིན་ཐང་ར་སྤྲོད་བྱས་ཏེ། དབུས་རྒྱུད་དང་ནུབ་རྒྱུད་ཀྱི་རིག་གནས་མཉམ་འདྲེས་ར་སྤྲོད་པའི་དངོས་དཔང་གི་རིན་ཐང་ལྡན་ལ། ཚན་རིག་སྲུང་སྐྱོབ་དང་དོ་དམ་ཚད་ལྡན། གཟབ་ནན་གྱི་བེད་སྤྱོད་བཅས་ཀྱི་བྱ་བའི་རྩ་དོན་བཏོན་ཏེ། མཐོ་སྒང་གི་རྩ་ཆེ་བའི་རྡོ་བརྐོས་ཤུལ་བཞག་སྲུང་སྐྱོབ་ལ་ཆེད་ལས་ཀྱི་སྲུང་བྱ་འདོན་སྤྲོད་བྱས།
ཚང་མས་ཐུན་མོང་དུ་ངོས་འཛིན་བྱ་རྒྱུར། ཁུ་ནུ་རིག་གནས་ཀྱིས་ཧྭ་ཞ་མེས་པོའི་རིག་གནས་དང་མཐའ་མཚམས་མཉམ་འདྲེས་ཀྱི་ལོ་རྒྱུས་རྒྱུན་འཛིན་བྱས་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་གི་རྣམ་པའི་རིག་གནས་མཚོན་བྱེད་གལ་ཆེན་ཞིག་ཡིན་པའང་མངོན་ཡོད། ཁུ་ནུ་རིག་གནས་ཀྱི་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་པར་ངེས་པར་དུ་སྲུང་སྐྱོབ་སྔོན་ལ་འཇོག་པའི་ཚད་མཐའ་བརྟན་སྲུང་བྱེད་དགོས་ལ། གཟབ་ནན་གྱིས་རིག་དངོས་ཤུལ་བཞག་དང་གནའ་རྫས་རྗེས་ཤུལ་སྔོག་འདོན་དང་བེད་སྤྱོད་ཀྱི་ཚད་མཐའ་དམ་པོར་སྲུང་དགོས། རྒྱུན་མཐུད་ངང་གནའ་རྫས་ཞིབ་འཇུག་དང་ཡིག་ཆ་གསེད་བཀྲོལ། ཐོན་ཁུངས་ཞིབ་བཤེར་སོགས་ཀྱི་རྨང་གཞིའི་བྱ་བ་ལེགས་པོར་སྒྲུབ་དགོས། མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། རིག་དངོས་དང་ཤུལ་བཞག་ཐོན་ཁུངས་དང་། སྐྱེ་ཁམས་ཐོན་ཁུངས་བཅས་གཞི་གཅིག་རྣམ་པའི་སྲུང་སྐྱོབ་ལ་གཅིག་གྱུར་བཀོད་འདོམས་བྱེད་པ། ཚན་རིག་ཞིབ་འཇུག་ཁང་དང་རིག་གནས་འགྲེམ་སྟོན་ལས་ཁུངས་ལ་བརྟེན་ནས་རྒྱུན་རྣམ་ཅན་གྱི་རིག་གཞུང་བགྲོ་གླེང་སྤྱི་སྟེགས་བསྐྲུན་པ། ཞིབ་འཇུག་གི་གྲུབ་འབྲས་དེ་སྲུང་སྐྱོབ་ཚད་ལྡན་དང་རྒྱུད་འཛིན་བྱེད་ཐབས། འགྲེམ་སྟོན་ནང་དོན་བཅས་ལ་ཚུལ་བསྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས།