ཟླ8པའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་སྦྲག་སྲིད་དོ་དམ་ཅུས་ཀྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་མཉམ་དུ། 《ཏང་འཛུགས་ཀྱིས་མྱུར་སྐྱེལ་སྡེ་བར་སྐྱེལ་རྒྱུར་སྣེ་ཁྲིད་བྱེད་པའི་ལས་དོན་ལ་ངོ་བོའི་རང་བཞིན་གྱི་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་ནས། སྡེ་བ་རིམ་པའི་རྩ་འཛུགས་ཀྱི་ལས་ཡུལ་ལེགས་ཆ་དང་ཞབས་ཞུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་དངོས་སྐྱེལ་ཟོང་འགྲུལ་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་བསྐྲུན་རྒྱུར་རོགས་རམ་བྱས་ནས། གྲོང་གསེབ་མང་ཚོགས་ཀྱི་སྦྲག་སྲིད་བརྒྱུད་དེ་དངོས་པོ་བསྐུར་བའི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱ་རྒྱུ་རེད།
《བརྡ་སྦྱོར》ནང་། ཏང་འཛུགས་ཀྱིས་སྣེ་ཁྲིད་དང་ཡུལ་བབ་དང་བསྟུན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་རྨང་གཞིའི་ཆ་རྐྱེན་ཅུང་ལེགས་པ་དང་། སྡེ་བ་རིམ་པའི་རྩ་འཛུགས་ཀྱི་འཐབ་ནུས་ཆེ་བ། མང་ཚོགས་ཀྱི་དངོས་སྐྱེལ་དགོས་མཁོ་ཅུང་གཅིག་སྡུད་ཡིན་པ་བཅས་ཀྱི་སྒྲིག་གཞི་ཚང་བའི་སྡེ་བ500ཙམ་བདམས་ནས། གཞུང་དོན་སྒྲུབ་ཡུལ་དང་། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས། ཐུན་མོང་གི་བེད་མེད་དུ་བསྐྱུར་བའི་ཁང་པ་སོགས་ད་ཡོད་ཀྱི་ཐོན་ཁུངས་བེད་སྤྱད་དེ། མྱུར་སྐྱེལ་ཚབ་གཏོང་ས་ཚིགས་བཙུགས་ཏེ། སྡེ་བ་རིམ་པའི་རྩ་འཛུགས་ལ་བརྟེན་ནས་མྱུར་སྐྱེལ་སྡེ་བར་སྐྱེལ་རྒྱུར་སྐུལ་འདེད་གཏོང་བའི་ཚོད་ལྟའི་ལས་དོན་ཀུན་གྱི་སྔོན་ལ་སྤེལ་རྒྱུ་རེད། ཆ་རྐྱེན་འཛོམས་པའི་སྡེ་བར་གཏན་འབེབས་ལྟར་དུ། སྡེ་བ་རིམ་པའི་འོད་རྟེན་ནུས་པའི་སྤྱི་ཕན་ལས་གནས་གསར་སྤེལ་བྱེད་པ་དང་། སྡེ་བའི་དངོས་སྐྱེལ་ཟོང་འགྲུལ་ཞབས་ཞུ་བ་བཀོད་སྒྲིག་བྱས་ཏེ། མྱུར་སྐྱེལ་དངོས་ཟོག་སྐྱེལ་ལེན་གྱི་འགན་འཁུར་རྒྱུར་སྐུལ་མ་གཏོང་དགོས། མི་འབོར་ཁ་ཐོར་དུ་གནས་པ་དང་མྱུར་སྐྱེལ་སྐྱེལ་འདྲེན་བྱེད་ཚད་ཉུང་བའི་སྡེ་བར་བྱེད་ཐབས་སྣ་ཚོགས་འཚོལ་ཞིབ་དང་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་དགོས་ཞེས་མངོན་གསལ་སྒོས་བསྟན་ཡོད། 《བརྡ་སྦྱོར》ལས་ནན་གྱིས་བསྟན་དོན། མྱུར་སྐྱེལ་སྡེ་བར་སྐྱེལ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནང་དོན་གལ་ཆེན་དུ་བརྩིས་ནས། མཐུན་སྦྱོར་རྐྱེན་སྲོལ་དང་ལྟ་སྐུལ་ཞིབ་བཤེར་རྐྱེན་སྲོལ་འཛུགས་པ་དང་དེ་འཐུས་ཚང་དུ་བཏང་ནས། ཕྱོགས་སོ་སོས་ནུས་ཤུགས་གཅིག་སྒྲིལ་གྱིས་མྱུར་སྐྱེལ་སྡེ་བར་འདྲེན་རྒྱུ་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་པར་བྱས་ཏེ། ཞིང་སྡེ་དང་འབྲོག་ཁུལ་མང་ཚོགས་ཀྱི་སྦྲག་སྲིད་བཀོལ་བའི་ཡིད་ཚིམ་ཚད་སྔར་ལས་ཇེ་མཐོར་གཏོང་རྒྱུ་རེད།
མ་འོངས་པར། ཞིང་ཆེན་སྦྲག་སྲིད་དོ་དམ་ཅུས་ཀྱིས་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་ནས། དུས་ཐོག་ཏུ་ཆེད་དོན་ལས་དོན་བཀོད་གཏོང་བྱེད་པ་དང་། ཞིབ་བཤེར་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་པ། ཞིང་སྡེ་དངོས་སྐྱེལ་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྡེ་བ་རུ་མྱུར་སྐྱེལ་གཏོང་བའི་བླང་བྱ་ཁག་དོན་ཐོག་ཏུ་དོན་འཁྱོལ་ཐུབ་རྒྱུར་ངོ་བོའི་རང་བཞིན་གྱི་སྒོ་ནས་སྐུལ་འདེད་བཏང་ནས། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་དངོས་སྐྱེལ་གྱི་འགན་སྲུང་སྟོབས་དང་ལྡན་པ་འདོན་སྤྲོད་བྱེད་རྒྱུ་རེད།