ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དང་མཉམ་འབྲེལ་སྒོས་རྨ་ཙོང་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཏང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཉེ་ལམ།  མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དང་མཉམ་འབྲེལ་སྒོས་བྱ་བའི་ཚན་ཆུང་བཙུགས་ནས། མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུས་དང་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་། ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་། མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་བཅས་སུ་སོང་སྟེ། ཡུལ་དངོས་ནས“ཀྲུང་གོའི་མཛེས་སྡུག་འཚོལ་བ”ཞེས་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་སྤུས་ལེགས་ལམ་ཐིག་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་།  ཐོན་ཁུངས་དགེ་མཚན་དང་མི་འདང་ས། འཕེལ་རྒྱས་བག་ཤུགས་བཅས་ལ་གནད་འཁེལ་གྲལ་བཤེར་བྱས་ནས། རྨ་ཙོང་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་བཏང་། 

མཚོ་ཤར་གྲོང་ཁྱེར་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ལྟེ་བར་གནས་ཤིང་། རྨ་ཀླུང་སྔོན་མོའི་ཡུལ་སྐོར་རྒྱུད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།   སྤུས་ལེགས་ཀྱི་རྨ་ཆུའི་སྐྱེ་ཁམས་ཐོན་ཁུངས་དང་ཐུན་མོང་མ་ཡིན་པའི་མཛེས་ལྗོངས། རྔམ་མཐུག་པའི་རྨ་ཙོང་རིག་གནས་བཅས་ཁྱད་ཆོས་ཆེན་པོ་གསུམ་ཡོད། ཉེ་བའི་ལོ་འགའི་རིང་།  རྨ་ཆུའི་འགྲམ་རྒྱུད་ཀྱི་སྐྱེ་ཁམས་བཅོས་སྐྱོང་ཕན་འབྲས་མངོན་གསལ་ཡིན་པ་དང་། རྨ་ཆུའི་ཞིང་ཆེན་བརྒལ་བའི་ཆུ་གཤིས་ཀྱི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་ཞིང་། གྲོང་གསེབ་རིག་གནས་ཡུལ་སྐོར་བྱེད་ས་དང་སྐྱེ་ཁམས་མཛེས་ལྗོངས་ཁུལ་སོ་སོར་འཕེལ་རྒྱས་ཆེན་པོ་བྱུང་སྟེ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྒྲོམ་གཞི་ཐོག་མར་གྲུབ་པར་བྱས།

ལས་སྒྲུབ་ཚན་ཆུང་གིས་དཔའ་ལུང་རྨ་ཆུའི་སྐྱེ་ཁམས་ཁྱམས་ར་སོགས་གནས་གཙོ་བོར་ཡུལ་དངོས་ལྟ་ཞིབ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ལྗོངས་ཁུལ་བསྐྲུན་པ། དམངས་སྲོལ་སྔོག་འདོན། སྒྲིག་བཀོད་བཀོད་སྒྲིག  དེ་བཞིན་ལས་རྣམ་གསོ་སྐྱོང་བཅས་ཀྱི་གནས་ཚུལ་ཞིབ་འདྲི་བྱས་པར་མ་ཟད།  ཁོངས་གཏོགས་སྡེ་ཁག་དང་ལས་གཉེར་བྱེད་པོའི་བར་བསམ་བློ་བརྗེ་རེས་བྱས་ནས་སྐུལ་འདེད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས།  ལམ་ཐིག་འཛུགས་སྐྲུན་ཐད་སྐྱེ་ཁམས་སྔོན་ལ་འགྲོ་བ་རྒྱུན་འཁྱོངས་བྱེད་པ་དང་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཚད་ཐིག་དམ་པོར་བསྲུང་ནས། ཚད་ལས་བརྒལ་བའི་ཚོང་ལས་ཅན་དང་ངོ་བོ་གཅིག་མཚུངས་ཅན་གྱི་གསར་སྤེལ་བཀག་འགོག་བྱེད་དགོས། རྫོང་གསུམ་གྱི་བར་ཁྱད་ཅན་གྱི་ཁྱད་ཆོས་ལ་རྐང་བཙུགས་ནས་སྐྱེ་ཁམས་ལྟ་སྐོར་དང་ས་གཤིས་ཞིབ་འཇུག་སློབ་སྦྱོང་། དམངས་སྲོལ་རོལ་མྱོང་སོགས་སྣ་མང་ལས་རྣམ་སྦྲེལ་མཐུད་བྱེད་པ་དང་།   གོམ་པ་རེ་ལ་ཡུལ་ལྗོངས་རེ་དང་རྫོང་གཅིག་ལ་ཁྱད་ཆོས་གཅིག་གི་ཉམས་ཞིབ་རྣམ་པ་བསྐྲུན་ནས། སྐྱེ་ཁམས་དང་རིག་གནས་ཡུལ་སྐོར། ཞིབ་འཇུག་སློབ་སྦྱོང་བཅས་ཀྱི་མཉམ་འབྲེལ་མ་ལག་འཐུས་ཚང་དུ་གཏོང་དགོས།  ལྟ་སྐོར་སྟེགས་བུ་དང་ཡུལ་སྐོར་བགྲོད་ལམ།  རིག་ལྡན་ལྟ་སྐོར་སྣེ་ཁྲིད་སོགས་སྒྲིག་བཀོད་རིམ་སྤོར་ལ་གཅིག་འདོམས་སྐུལ་འདེད་བཏང་ནས། ཐེག་ནུས་དང་ཡུལ་སྐོར་པའི་ཉམས་ཞིབ་ཆེ་རུ་གཏོང་དགོས། ཞིང་ཆེན་དང་གྲོང་ཁྱེར་རྫོང་བཅས་ཀྱི་མཉམ་སྒུལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་རྨ་ཙོང་རིག་གནས་ཀྱི་ནང་སྙིང་སྔོག་འདོན་བྱེད་པ། སྐྱེ་ཁམས་ཐོན་ཁུངས་དགེ་མཚན་དེ་རིག་གནས་ཡུལ་སྐོར་ཐོན་ལས་དགེ་མཚན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་དགོས།

གོ་རིམ་རྗེས་མར།  ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་སྤུས་ལེགས་ལམ་ཐིག་ལེགས་སྒྱུར་བྱེད་པ་དང་།   ཁོངས་གཏོགས་ས་ཁུལ་གྱིས་གནད་ལ་འཁེལ་བའི་སྒོ་ནས་མི་འདང་ས་ཁ་གསབ་དང་ཞན་ཆ་ལེགས་སྒྱུར། སྤུས་རྟགས་བསྐྲུན་པ་བཅས་ལ་མཛུབ་སྟོན་བྱས་ནས། སྟོབས་ཤུགས་ཡོད་རྒུས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་དཔེ་སྟོན་རྣམ་པ་བསྐྲུན་རྒྱུ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།