《མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི” འཆར་འགོད》བཏོན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས7ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་རྒྱུས་ལོན་པ་ལྟར་ན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས《མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི” འཆར་འགོད》དངོས་སུ་པར་འགྲེམས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི” དུས་སྐབས་ཀྱི་རིག་གནས་ལས་དོན་དང་། རིག་གནས་ཐོན་ལས་དང་ཡུལ་སྐོར་ལས་རིགས་བཅས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་བརྗིད་ཉམས་ལྡན་པའི་འཆར་གཞི་བཀོད་ཡོད།

《འཆར་འགོད》ནང2030ལོའི་བར། ཞིང་ཆེན་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར1དང་ཡུལ་སྐོར་འགྲོ་གྲོན་བསྡོམས་འབོར་སྒོར་ཁྲག་ཁྲིག་གཅིག་གཏོང་རྒྱུའི་དམིགས་ཚད་མངོན་འགྱུར་ཡོང་བར་བརྩོན་ལེན་བྱས་ཏེ། སྐྱེ་ཁམས་ཡུལ་སྐོར་ཐོན་ལས་དེ་ཞིང་ཆེན་ཡོངས་ཀྱི་གཞི་རྟེན་ཐོན་ལས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་མ་ཟད། “རི་ཆུའི་འབྱུང་ཁུངས། མཛེས་སྡུག་གི་མཚོ་སྔོན”ཟོང་རྟགས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་མངོན་གསལ་སྒོས་ཆེ་རུ་གཏོང་རྒྱུ་ཡིན་པ་གསལ་བོ་བཏོན་ཡོད། དམིགས་འབེན་དེ་མངོན་འགྱུར་ཡོང་ཆེད། མཚོ་སྔོན་གྱིས“ལྟེ་བ་གཅིག་དང་གདུབ་གཅིག་ཁུལ་བཞི་སྣེ་མང”བའི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དེ། ཟི་ལིང་གྲོང་ཁྱེར་ལྟེ་བར་བྱས་ནས་རྒྱལ་ཡོངས་ཀྱི་ཡུལ་སྐོར་ལྟེ་བའི་གྲོང་ཁྱེར་གཏོད་པ་དང་། མཚོ་སྔོན་པོའི་སྐྱེ་ཁམས་ཡུལ་སྐོར་སྤུས་ལེགས་སྐོར་ལམ་སྣེ་ཁྲིད་དུ་བྱེད་པ། གཙོ་གནད་ས་ཁུལ་བཞི་དང་ཁྱད་ལྡན་སྐྱེ་ཁམས་ཡུལ་སྐོར་ཁུལ་མང་པོར་བརྟེན་ནས། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་རྒྱུ་རེད།

རིག་གནས་ལས་དོན་དར་སྤེལ་གཏོང་བའི་ཐད། 《འཆར་འགོད》ནང་རིག་རྩལ་བརྩམས་ཆོས་རྩེ་གྲ་གསར་རྩོམ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། རིག་གནས་ཤུལ་བཞག་གི་མ་ལག་རང་བཞིན་སྲུང་སྐྱོབ་དང་གསོན་འགྱུར་བེད་སྤྱོད་ལ་ཤུགས་སྣོན་དགོས་པ་མ་ཟད། སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས། “དཔེ་མོས་མཚོ་སྔོན” འཛུགས་སྐྲུན་བྱེད་དགོས། དེ་དང་ཆབས་ཅིག རིག་གནས་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རིག་གནས་གསར་སྐྲུན་ཐོན་རྫས་དང་ཐོན་ལས་ཁྱུ་ཚོགས་སྐྱེད་སྲིང་བྱེད་དགོས་པ་ནན་གྱིས་བསྟན་ཡོད།

སྤུས་ཚད་མཐོན་པོའི་རྒྱལ་སྤྱིའི་སྐྱེ་ཁམས་ལྗོངས་རྒྱུའི་དམིགས་ས་བསྐྲུན་པ་ནི《འཆར་འགོད》ཀྱི་སྲོག་ཤིང་གི་འགན་ཁུར་ཅིག་ཡིན། མཚོ་སྔོན་གྱིས་ཡུལ་སྐོར་ཐོན་རྫས་འདོན་སྤྲོད་ལེགས་སྒྱུར་བྱས་ནས། “ཨང་རྟགས00”ཅན་གྱི་ཡུལ་སྐོར་གཞུང་ལམ་སོགས་ཡུལ་སྐོར་མཛེས་ལྗོངས་ལམ་དང་སྤུས་ལེགས་ལམ་ཐིག་བསྐྲུན་པ་དང་། ལྷན་དུ་གཙོ་གནད་ལྗོངས་ཁུལ་དང་ཡུལ་སྐོར་མཁར་གྲོང་གི་ཕྱོགས་བསྡུས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་ཡིན་ལ། ཁྱད་པར་དུ་དོ་སྣང་བྱ་རིན་ཡོད་པ་ནི། 《འཆར་འགོད》དུ་དབྱང་དབུགས་ཡོངས་ཁྱབ་འགྲུལ་སྐྱོད་ཀྱི་ཞབས་ཞུའི་མ་ལག་བསྐྲུན་ནས། དབྱང་སྤྲོད་སྒྲིག་ཆས་དང་ཕྱོགས་ཁྱབ་དབྱང་སྤྲོད་ཞབས་ཞུ་རྒྱ་ཁྱབ་ཏུ་སྤེལ་ཏེ། མཚོ་འཕགས་མཐོ་སའི་ཡུལ་སྐོར་ཞབས་ཞུའི་དཀའ་གནད་གསེད་དཀྲོལ་བྱས།

དེ་ལས་གཞན། 《འཆར་འགོད》ཀྱིས་ད་དུང་རིག་གནས་ཡུལ་སྐོར་ཟབ་འདྲེས་ལ་སྐུལ་སྤེལ་དང་། རིག་གནས་ཡུལ་སྐོར་འཛད་སྤྱོད་གོང་སྤེལ། རིག་གནས་ཡུལ་སྐོར་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བའི་གཙོ་གནད་བྱ་བ་དག་བཀོད་སྒྲིག་བྱས། མ་འོངས་པར། མཚོ་སྔོན་གྱིས་མིས་བཟོས་རིག་ནུས་དང་འགུལ་སྐྱོད་ཞེས་པའི་རིག་གནས་ཡུལ་སྐོར་གྲངས་རིག་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ་བརྒྱུད་ནས། ཤུགས་ཆེན་པོས་རིག་གནས་ཡུལ་སྐོར་དང་ཁམས་གསོ། ལུས་རྩལ། གློག་བརྙན། དམའ་དབྱིངས་དཔལ་འབྱོར་སོགས་ཀྱི་ཁྱབ་ཁོངས་མཚམས་བརྒལ་བྱས་ཏེ་མཉམ་འདྲེས་འབྱུང་བར་སྐུལ་སྤེལ་བྱེད་ཅིང་། མཚོ་སྔོན་དུ་བསྡད་ནས་དབྱར་ཁ་རོལ་ཞེས་པ་དང་། མཁའ་ནས་མཚོ་སྔོན་ལ་བལྟ་ཞེས་པ་སོགས་ཀྱི་ལས་རིགས་གསར་པ་གསོ་སྐྱོང་བྱས་ནས། སྟོབས་ཤུགས་ཡོད་ཚད་ཀྱིས་སྐྱེ་ཁམས་སྔོན་སྐྱོད་དང་། རིག་གནས་སྣེ་ཁྲིད། དམངས་འཚོ་མཉམ་སྤྱོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་ཞིག་ཏུ་བསྐྱོད་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།