ཟླ8པའི་དབྱར་གཞུང་དུ། ལྷོ་ཕྱོགས་ཀྱི་ཕྱི་རོལ་སྔོ་ཚལ་ཁྲོམ་རར་དུས་ཚིགས་རང་བཞིན་གྱི་མཁོ་སྤྲོད་མི་འདང་བའི་གནས་ཚུལ་བྱུང་བ་དང་། མཚོ་སྔོན་གྱི་མཐོ་སྒང་གྲང་བསིལ་སྔོ་ཚལ་ཁྲོམ་རར་འདོན་པའི་དུས་ཚོད་ཡག་ཤོས་སུ་འཁེལ་ཡོད། གསར་འགོད་པས་ཞིང་ཆེན་ཞིང་ལས་དང་ཞིང་སྡེ་ཐིང་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱིས་མཐོ་སྒང་གི་གྲང་བསིལ་གནམ་གཤིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། སྒྲིག་བཀོད་ཞིང་ལས་དང་ཟིལ་སའི་འདེབས་འཛུགས་གཅིག་གྱུར་འཆར་འགོད་བྱས་ནས། གྲང་བསིལ་སྔོ་ཚལ་ཚད་ལྡན་སྒོས་ཐོན་སྐྱེད་དང་སྐྱེ་ལྡན་དཔང་དངོས་ར་སྤྲོད་བྱ་བར་སྐུལ་འདེད་བརྟན་པོ་བཏང་བས། སྐྱེ་ལྡན་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་མཐོ་རུ་ཕྱིན།
མིག་སྔའི་བར་དུ། ཞིང་ཆེན་ཡོངས་སུ་ད་ཡོད་གྲང་བསིལ་སྔོ་ཚལ་གྱིསྐྱེ་ལྡན་དཔང་དངོས་ར་སྤྲོད་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་གཅིག་དང་སྟོང་གཅིག་དགུ་བརྒྱ་དང་། (སྤྱི་ཆིང793) དཔང་དངོས་ཁས་ལེན་བྱས་པའི་ཐོན་རྫས61ཡོད། སྐྱེ་ལྡན་དཔང་དངོས་ར་སྤྲོད་བྱས་པའི་གཉེར་སྐྱོང་བྱེད་པོ31ཡོད་པའི་ནང་། ཟི་ལིང་གྲོང་ཁྱེར་དུ4དང་མཚོ་ཤར་གྲོང་ཁྱེར་དུ21ཡོད་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ1དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ3། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ2བཅས་ཡོད།
རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱི་སྐྱེ་ལྡན་གྲང་བསིལ་སྔོ་ཚལ་ཐོན་ཁུལ་གཙོ་བོ་ཟི་ལིང་དང་མཚོ་ཤར་དུ་གཅིག་སྡུད་བྱས་ཡོད་པ་དང་། དེའི་ནང་མཚོ་ཤར་གྲོང་ཁྱེར་གྱིས་སྐྱེ་ལྡན་དཔང་དངོས་ར་སྤྲོད་བྱས་པའི་སྔོ་ཚལ་གྱི་རྒྱ་ཁྱོན་ཆེས་ཆེ་བ་དང་། དེར་མུའུ7076.14(སྤྱི་ཆིང471.74)ཡོད། ས་གནས་སོ་སོས་དེང་རབས་ཞིང་ལས་ཐོན་ལས་གླིང་ལ་བརྟེན་ནས་སྐྱེ་ལྡན་འདེབས་འཛུགས་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བྱེད་པ་དང་། སྐྱེ་ལྡན་ལུད་རྫས་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ། ལྗང་མདོག་སྔོན་འགོག་ཚོད་འཛིན་དང་རེས་མོས་ཀྱིས་ལུད་རྒྱག་པ་སོགས་སྐྱེ་ཁམས་འདེབས་འཛུགས་བྱེད་སྟངས་ཁྱོན་ཡོངས་ནས་ཁྱབ་སྤེལ་བཏང་བ་དང་། གཞི་ཁྱོན་ལྡན་པའི་སྒོ་ནས་ཚོད་དཀར་ཆུང་བ་དང་། ཧྲང་ཧའེ་ཆིང་། ཚོད་དཀར། སུར་པན། ཀྲོ་མ་ཀྲུ། ཚོད་མ་ཨོ་ཅུས། པོ་ཚལ། ཤ་མོ་སོགས་ཁྱད་ཆོས་ལྡན་པའི་ཐོན་རྫས་བཏབ་ཡོད་པ་དང་། ཚད་ལྡན་ཅན་དང་སྐྱེ་ཁམས་ཅན་དུ་འགྱུར་བའི་ཐོན་སྐྱེད་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་བས། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་ཕན་ནུས་ལྡན་པའི་སྐུལ་ཁྲིད་བྱས་ཡོད།