གཅན་ཚ་རྫོང་གིས་ཚན་རྩལ་གསར་གཏོད་དང་སྤུས་རྟགས་ལ་བརྟེན་ནས་ཁྱད་ལྡན་ཞིང་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས“རྨ་ཀླུང་སྔོན་པོའི”ཡུལ་སྐོར་ཁུལ་འཛུགས་སྐྲུན་དང་དམ་པོར་འབྲེལ་ནས“ཚན་རྩལ་གྱི་ནུས་པ་སྤྲོད་པ། སྤུས་རྟགས་སྦྱོང་བཟོ”བཅས་ལྟེ་བར་བྱས་ཏེ་བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས། ཟླ5པའི་ཚེས20ཉིན་བར་གཅན་ཚ་རྫོང་གིས་ཁྱད་ལྡན་འདེབས་འཛུགས་རྟེན་གཞི17བསྐྲུན་པ་དང་། ཚད་གཞི་མཐོ་བའི་ས་ཞིང་སྤྱི་ཆིང1331བསྐྲུན་པ། ཁྱད་ལྡན་ཞིང་ལས་ཐོན་རྫས་རིགས36གསོ་སྐྱོང་བྱས་པ། ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི884ཟིན་པ། ཤིང་འབྲས་དང་སྔོ་ཚལ་ཐོན་རྫས12ལ་རྒྱལ་ཁབ་ཀྱིAརིམ་པའི་ལྗང་མདོག་བཟའ་བཅའི་ཁས་ལེན་ཐོབ་པ། གཞི་ཁྱོན་ཅན་དང་། སྤུས་རྟགས་ཅན། ཚན་རྩལ་ཅན་བཅས་སྣ་མང་སྐུལ་འདེད་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་འགྱུར་བྱུང་ཡོད།

གཅན་ཚ་རྫོང་གིས་ཐོན་ལས་སྦྲེལ་ཐག་ཇེ་ལེགས་སུ་གཏོང་རྒྱུར་དམིགས་ནས“རྟེན་གཞི+ཁྲོམ་ར”འཕེལ་རྒྱས་གཏོང་སྟངས་བཏོད་པ་དང་ཞིང་ཆེན་དང་། རྫོང་། ཁེ་ལས་བཅས་ཀྱི་མ་དངུལ་སྣ་ཚོགས་བསྡུ་སྒྲིལ་བྱས་ཏེ་ཁམས་ར་གྲོང་རྡལ་དང་། གདོང་སྣ་གྲོང་རྡལ། སྣང་ར་ཞང་སོགས་གཙོ་གནད་ཤང་དང་གྲོང་རྡལ་དུ་འདེབས་འཛུགས་རྟེན་གཞི་བཀོད་སྒྲིག་བྱས་པར་སྤྱིའི་རྒྱ་ཁྱོན་སྤྱི་ཆིང161.87ཟིན་པ་དང་། ཉི་འོད་ནུས་རྒྱུ་གྲོན་ཆུང་དྲོད་ཁང787དང་སྔོ་ཚལ་གཙང་མའི་ཞིང་ཁ་སྤྱི་ཆིང51.33ལེ་ལག་ཚང་བའི་སྒོ་ནས་བསྐྲུན། རྟེན་གཞིས་ལུག་ཁོག་འབུ་ཕྲ་དང་། འབྲི་ཏ་ས་འཛིན་དང་། ཀྭ་མངར་མོ་དྲ་རིས་སོགས་ཁྱད་ལྡན་སོན་རིགས36གཙོ་གནད་དུ་འདེབས་གསོ་བྱས་ནས་ལོ་རེའི་ཐོན་ཚད་ཏུན1548.9ཟིན་ཏེ་མཐོ་སྒང་གི་ཁྱད་ལྡན་འདེབས་འཛུགས་ལས་རིགས་དེ་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ། དེ་དང་ཆབས་ཅིག་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་བརྟན་པོ་འཁུར་ནས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྨང་གཞིར་བྱས་ཏེ་གྲོ་དང་། ནས། ཞོག་ཁོག་སོགས་སྣ་ཁ་གསར་པ་དཔེ་སྟོན་འདེབས་འཛུགས་ལ་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་བཏང་ནས་འབྲུ་རིགས་ཐོན་སྐྱེད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།

ཞིང་ཕྱུགས་ཐོན་རྫས“ཐོན་རྫས་གཉིས་དང་ཚད་གཞི་གཅིག”སྐྱེད་སྲིང་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་པའི་ལས་དོན་ཁྲོད་ཅན་ཀྲ་རྫོང་གིས“མདའ་ཤང་གི་ཐོན་རྫས”ཆེད་ལས་མཉམ་ལས་ཁང་གི་མཉམ་འབྲེལ་སྒྲིག་གཞི་བཙུགས་ནས“གཅན་ཚ་གཡེར་མ”དང“གཅན་ཚ་བྲ་བོ”རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་ཆེན་པོ་གཉིས་བསྡུ་སྒྲིལ་བྱས་ནས་སྤུས་ཚད་ཀྱི་ཚད་གཞི་དང་སྤུས་རྟགས་ཀྱི་གཟུགས་བརྙན་གཅིག་གྱུར་བྱས། CMAདང་CATLགཉིས་ལྡན་གྱི་ཞིང་ལས་ཐོན་རྫས་སྤུས་ཚད་ཞིབ་དཔྱད་ཚད་ལེན་ལྟེ་གནས་ལ་བརྟེན་ནས“ཚད་ལྡན་ཅན་གྱི་ཐོན་སྐྱེད་དང་བརྒྱུད་རིམ་ཧྲིལ་པོའི་འབྱུང་ཁུངས་གཏུགས་པའི”ལམ་སྲོལ་གཉིས་ལྡན་བཙུགས་ཏེ་འདེབས་འཛུགས་དང་། ལས་སྣོན། ཕྱིར་ཚོང་བཅས་ཀྱི་ལྷུ་ཚིགས་ཧྲིལ་པོའི་སྤུས་ཚད་ཚོད་འཛིན་ནན་པོ་བྱས་ནས་ཤིང་ཏོག་དང་སྔོ་ཚལ་ཐོན་རྫས12ལ་རྒྱལ་ཁབ་ཀྱིAརིམ་པའི་ལྗང་མདོག་བཟའ་བཅའི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་ཐོབ་རྒྱུར་སྐུལ་འདེད་བཏང་ནས་ས་ཁོངས་ཞིང་ལས་སྤུས་རྟགས་ཀྱི་འགྲན་རྩོད་ནུས་པ་དང་ཐོན་རྫས་ཀྱི་རིན་གོང་འཕར་བའི་ནུས་པ་མུ་མཐུད་དུ་ཇེ་མཐོར་བཏང་།

དེ་དང་ཆབས་ཅིག་གཅན་ཚ་རྫོང་གིས“ཆུས་གསུམ་གྱི་ཤེས་ལྡན་མི་སྣར་རྒྱབ་སྐྱོར་འཆར་གཞིའི”འབྲེལ་གཏུག་ལམ་སྲོལ་བཙུགས་ནས་ཞིང་ལས་ཁེ་ལས4ལ་བརྟེན་ནས་ཚན་རྩལ་ཆེད་མངགས་པའི་ལས་དོན་ས་ཚིགས2བཙུགས་པ་དང་། ཞིང་ལས་རིག་པ་དང་ལྡུམ་རའི་ལག་རྩལ་རིག་པ་སོགས་ཆེད་ལས་ལག་རྩལ་མི་སྣ19འདེམས་མངགས་བྱས་ནས“དྲ་ཐོག་མཛུབ་ཁྲིད་དང་དྲ་ཐོག་ཕྱི་རོལ་གྱི་དངོས་སྦྱོང”ཟུང་འབྲེལ་གྱི་རྣམ་པར་བརྟེན་ནས་ལྗང་ལུད་འདེབས་གསོ་འཁོར་རྒྱུག་དང་ཆུ་ལུད་གཞི་གཅིག་ཅན་སོགས་སྔོན་ཐོན་ལག་རྩལ་ཁག9ཁྱབ་གདལ་བཏང་ནས་སྔོ་ཚལ་ཐོན་ཁུལ་མུའུ་སྟོང་གི་ཆུ་ཞུ་ལུད་ཡོངས་སུ་ཁྱབ་པ་བྱས་ཏེ་ཚན་རྩལ་ལ་བརྟེན་ནས་ཞིང་ལས་ཐོན་སྐྱེད་ཀྱི་ཕན་འབྲས་དང་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་ཕྱིན་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།