ཉེ་ལམ། མཚོ་ཤར་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཟླ་གཉིས་ལྷག་གི་རིང་གྲལ་བཤེར་ནན་མོ་བྱས་པ་བརྒྱུད། གྲོང་ཁྱེར་ཡོངས་སུ་ཇ་བག་འཚོང་མཁན་གྱི་བྱེད་པོའི་རྩིས་ཁྲ་དང་གནད་དོན་གསལ་ཁྲ་བཙུགས་ནས་ཁྲོམ་རའི་ལས་གཉེར་གནས་བབ་ལ་རྒྱུས་ལོན་བྱས་ཏེ་མང་ཚོགས་ཀྱི་འཐུང་ཇའི་བདེ་འཇགས་ལ་སྲུང་སྐྱོང་བྱས།
རྒྱུས་ལོན་པ་ལྟར་ན། མཚོ་ཤར་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཇ་བག་གི་སྤུས་ཚད་བདེ་འཇགས་ལ་ལྟ་སྡོམ་བྱེད་རྒྱུ་དེ་ལོ་གཅིག་གི་བྱ་བའི་ལས་འགན་གཙོ་བོར་བརྩིས་ནས། ཇ་བག་འཚོང་མཁན་གྱི་གཉེར་ཚོང་སྡེ་ཁག་ལ་ཐོབ་ཐང་བསྐྱར་ཞིབ་བྱས་ནས་ཁྲོམ་རའི་བྱེད་པོའི་ལས་གཉེར་ཐོབ་ཐང་ལ་དོ་དམ་ནན་མོ་བྱེད་རྒྱུ་རེད། དེ་དང་མཉམ་དུ། ཁེ་ལས་ཀྱིས་ནང་འདྲེན་ཚོང་ཟོག་ལ་ཞིབ་བཤེར་དང་ཟས་རིགས་བདེ་འཇགས་ལ་རང་བཤེར་བྱེད་པ། ལས་ཞུགས་མི་སྣའི་བདེ་ཐང་ལ་དོ་དམ་བྱེད་པ། ཚད་གཞིར་མ་ལོན་པའི་ཐོན་རྫས་ལ་དོ་དམ་བྱེད་པ་སོགས་ལམ་ལུགས་བདུན་འཛུགས་དགོས་པ་དང་འཐུས་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན་ནས། ཐོན་རྫས་ཀྱི་ཡོང་ཁུངས་ལ་ཕུགས་འདེད་དང་ཕྱིར་གཏོང་བྱ་ཡུལ་ལ་ཞིབ་བཤེར། འགན་འཁྲི་རྩད་ཞིབ་བྱེད་ཐུབ་པ་བཅས་ལ་འགན་ལེན་བྱེད་རྒྱུ་རེད།
སྡེབ་ཚོང་ཁྲོམ་ར་དང་ཚོང་འདུས་ཁྲོམ་ར། ཆེད་འཚོང་ཁང་། ཇ་བག་ཕྱིར་འཚོང་དྲ་ཚིགས་གཙོ་བོ་སོགས་ཀྱི་ཚོང་ཟོག་ནང་འདྲེན་བྱེད་ཐབས་དང་གསོག་ཉར་ཆ་རྐྱེན། ཕྱིར་འཚོང་ཟིན་ཐོ་སོགས་ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས། ཧྥུལ་གྱི་འདུས་ཚད་དང་ཞིང་སྨན་ལྷག་ལུས། ལྕགས་རིགས་ལྗིད་གྲས་ཀྱི་འབག་བཙོག སྐྱེ་དངོས་ཕྲ་རབ་ཀྱི་དམིགས་ཚད། ཟས་རིགས་ཀྱི་སྦྱོར་རྟ་སོགས་ལ་ཞིབ་དཔྱད་ཚད་ལེན་བྱས་ཏེ་ཕྱིར་འཚོང་གི་ཁྲིམས་མཐུན་ཡོང་ཁུངས་མེད་པ་དང་ཚོང་རྫས་རྫུན་མ་ཡིན་པ། སྤུས་ཚད་ཞན་པ། ཚོང་རྟགས་ཚད་ལྡན་མིན་པ་བཅས་ཀྱི་ཇ་བག་ཕྱིར་འཚོང་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་། མིག་སྔའི་བར་དུ། བསྡོམས་པས་རིགས་སྣ་སོ་སོའི་བྱེད་པོ་སུམ་བརྒྱ་གྱ་བདུན་དང་ཇ་བག་གི་རིགས་སྣ་བརྒྱ་དང་གོ་ལྔར་ཞིབ་བཤེར་བྱས་ཏེ་མངོན་མེད་རྐྱེན་ངན་ཉེར་བདུན་རྙེད་པ་དང་། ཚོང་ཁང་གཉིས་ལ་དག་ཐེར་ལེགས་བཅོས་བྱེད་དུ་བཅུག་ལ། གྱོད་གཞི་གཅིག་ལ་ཐོ་འགོད་ཞིབ་བཤེར་ཐག་གཅོད་བྱས་པར་མ་ཟད། ཧྥུལ་འདུས་མེད་པའི་ཇ་བག་བཞི་བརྒྱ་བཅོ་ལྔ་སྒྲོམ་འབེབས་བྱེད་དུ་བཅུག་པ་དང་། མིག་སྔར་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་ཕྱོགས་ཡོངས་ནས་དག་ཐེར་ལེགས་བཅོས་བྱས་ཚར་ཡོད།
མཚོ་ཤར་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ད་རུང་ཁྲོམ་རའི་ཉིན་རྒྱུན་གྱི་ཞིབ་བཤེར་གོ་རིམ་དང་ཟུང་འབྲེལ་བྱས་ཏེ། ཧྥུལ་གྱི་འདུས་ཚད་མཐོ་བའི་ཇ་ཡི་གནོད་པ་སྒྲོག་བཤད་བྱས་པ་དང་། མང་ཚོགས་ཀྱིས་ཧྥུལ་གྱི་འདུས་ཚད་དམའ་བའི་ཐོན་རྫས་ཉོ་བར་ཁྲིད་སྟོན་བྱས་ལ། རྣམ་པ་སྣ་མང་གི་དྲིལ་སྒྲོག་བྱེད་ཐབས་བརྒྱུད་དེ་ནུས་ཤུགས་ཡོད་རྒུས་བདེ་ཐང་འཐུང་ཇའི་སྤྱི་ཚོགས་སྣང་ཚུལ་བསྐྲུན།