ཟླ5པའི་ཚེས13ཉིན། 2026ལོའི་མཚོ་སྔོན་ཞིང་ཆེན་གྱི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”མགོ་ཚུགས་མཛད་སྒོའི་བྱེད་སྒོ་གཙོ་བོ་དུས་ལྟར་མགོ་ཚུགས་པ་དང་། བྱེད་སྒོ་དེས“དམངས་དོན་ཁྲིམས་གཞུང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི”གཙོ་ཐིག་གཏན་འཁེལ་བྱས་ནས་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་དེ་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་གཞི་ཚུགས་པ་དང་ཁྲིམས་གཞུང་གི་སྙིང་སྟོབས་ལ་བརྟེན་ནས་ཁྲིམས་སྐྱོང་གི་ས་གཞི་བརྟན་པོ་བཙུགས་ཏེ། དམངས་དོན་ཁྲིམས་གཞུང་དེ་ཤོག་ངོས་ནས་ལག་ལེན་གྱི་ཕྱོགས་སུ་བསྐྱོད་པ་དང་འཕེལ་རྒྱས་དང་མཉམ་འདྲེས་ཐུབ་པ་བྱས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་དང་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས།
དམངས་དོན་ཁྲིམས་གཞུང་ནི་ཁྲོམ་རའི་དཔལ་འབྱོར་གྱི་གཞི་རྩའི་བཅའ་ཁྲིམས་ཤིག་ཡིན་ལ་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི“གཏན་འཇགས་གི་རྒྱུ་རྐྱེན”ཞིག་ཡིན། དེའི་ནང“དམངས་དོན་བྱེད་སྒོའི་ཁྲོད་ཀྱི་དམངས་དོན་བྱེད་པོའི་བཅའ་ཁྲིམས་གནས་བབ་ཚང་མ་འདྲ་མཉམ་ཡིན”ཞེས་གཏན་འབེབས་ཁ་གསལ་བྱས་པ་མ་ཟད། ད་དུང“ཁྲོམ་རའི་གཙོ་གཟུགས་མཐའ་དག་གི་འདྲ་མཉམ་གྱི་བཅའ་ཁྲིམས་གནས་བབ་དང་འཕེལ་རྒྱས་ཁེ་དབང་འགན་ལེན་བྱ་རྒྱུ”ནན་བཤད་བྱས་ནས་དབང་བའི་ལམ་ལུགས་ཀྱི་མཐོང་ཆུང་རྩ་བའི་ཐོག་ནས་མེད་པ་བཟོས་ཏེ་གཞུང་ཁོངས་ཁེ་ལས་དང་། དམངས་གཟུགས་ཁེ་ལས། ཁེ་ལས་ཆུང་གྲས་སོགས་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱི་འདྲ་མཉམ་འགྲན་རྩོད་ལ་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་འཛུགས་དགོས། མཚོ་སྔོན་གྱི་ངོས་ནས་བརྗོད་ན། འདྲ་མཉམ་སྲུང་སྐྱོང་གི་ཁྲིམས་སྐྱོང་ཁས་ལེན་དེ་ནི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀག་རྒྱ་སེལ་བ་དང་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་པའི་འགག་རྩ་ཞིག་རེད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་མང་པོ་བཏོན་ནས་དམངས་དོན་ཁྲིམས་གཞུང་ལ་བརྟེན་ནས་བདག་དབང་གི་མཐའ་མཚམས་གསལ་པོ་བཟོ་བ་དང་གན་རྒྱ་ལག་བསྟར་ཚད་ལྡན་དུ་གཏོང་བ་སོགས་ཀྱིས“ཁེ་དབང་འགན་སྲུང་ཡོད་པ་དང་། ཉོ་ཚོང་ཕན་འབྲས་ཆེ་བ། ཉེན་ཁ་སྔོན་དཔག་ཐུབ་པ”བཅས་མཚོ་སྔོན་གྱི་ཚོང་གཉེར་ཁོར་ཡུག་གི་མངོན་གསལ་དོད་པའི་མཚོན་རྟགས་ཤིག་ཏུ་གྱུར་ནས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ལ་སྲུང་སྐྱོབ་བྱ་དགོས།
དམངས་དོན་ཁྲིམས་གཞུང་ནི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་ཀྱི་ཁྲིམས་སྐྱོང་སྒུལ་ཤུགས་ཤིག་ཡིན་པས་མཚོ་སྔོན་གྱི་ཐོན་ལས་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་ཡོད། ཐོན་སྐྱེད་ནུས་ཤུགས་གསར་པ་སྐྱེད་སྲིང་བྱེད་པའི་ལྟེ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པའི་ངོས་ནས་ཚན་རྩལ་གསར་གཏོད་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་ཁྲིམས་སྐྱོང་གི་སྲུང་སྐྱོང་དང་ཁ་འབྲལ་ཐབས་མེད། དྲ་རྒྱའི་བར་མཐོངས་ཁྲོད་ཀྱི་གཙོ་གཟུགས་མི་འདྲ་བའི་བྱ་སྤྱོད་ཚད་ལྡན་དུ་གཏོང་ཆེད། དམངས་དོན་ཁྲིམས་གཞུང་ནང་གྲངས་གཞི་དང་དྲ་རྒྱའི་རྟོག་བཟོའི་རྒྱུ་ནོར་སྲུང་སྐྱོང་ཁྱབ་ཁོངས་ནང་བཅུག་ནས་ཤེས་བྱའི་ཐོན་དབང་དང་ལག་རྩལ་གན་རྒྱའི་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ་ལག་རྩལ་གྲུབ་འབྲས་གཞན་སྒྱུར་དང་གསར་གཏོད་ཁེ་དབང་སྲུང་སྐྱོང་བྱ་རྒྱུར་འབྲེལ་ཐག་ཧྲིལ་པོའི་འགན་ལེན་མཁོ་འདོན་བྱས་ མཚོ་སྔོན་གྱི“ཆེ་ཤོས་གསུམ”གྱི་ཞིང་ཆེན་གནས་ཚུལ་གཏན་འཁེལ་དང“དེ་བས་གལ་འགངས་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ལ་གཞི་ཚུགས་ནས་དམངས་དོན་ཁྲིམས་གཞུང་གི་ལམ་ལུགས་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བཞིན་ཡོད། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཕྱོགས་དང་པོར་དམངས་དོན་ཁྲིམས་གཞུང་ནང་གི་ས་ཞིང་འགན་གཙང་ལེན་དང་ཁྱིམ་མཚེས་འབྲེལ་བ་སོགས་སྐོར་གྱི་གཏན་འབེབས་ཀྱིས་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་རྩོད་གཞི་སེལ་བ་དང་། སྔོ་ཚལ་གྲང་མོ་དང་ཞིང་ཕྱུགས་ལས་གཞི་ཁྱོན་ཅན་དུ་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱས་ཏེ་ཁྲིམས་སྐྱོང་སྟོབས་ཤུགས་ཀྱིས་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་དགོས།
དམངས་དོན་ཁྲིམས་གཞུང་ནི་དམངས་འཚོའི་བདེ་སྐྱིད་ཀྱི་ཁྲིམས་སྐྱོང་འགན་ལེན་ཞིག་ཡིན་ལ་གཞི་རིམ་བཅོས་སྐྱོང་གི“གསེར་གྱི་ལྡེ་མིག”དེ་བས་ཀྱང་ཡིན། དེར་རྒྱུ་དངོས་བདག་དབང་དང་། གན་རྒྱ། གཉེན་སྒྲིག་ཁྱིམ་ཚང་སོགས་ཕྱོགས་གང་ཅིའི་ཐད་ཚུད་ཡོད་ཅིང་། ཁྱིམ་མཚེས་ཀྱི་ས་ཞིང་རྩོད་གཞི་སེལ་བ་ནས་མང་ཚོགས་ཀྱི་རྒྱུ་ནོར་ཁེ་དབང་སྲུང་སྐྱོང་དང་། ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་འགན་སྲུང་ནས་རྒན་རྒོན་གྱི་ཁེ་དབང་སྲུང་སྐྱོང་བཅས་བྱས་ཏེ་ཕྱོགས་ཡོངས་ནས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་སྲུང་སྐྱོང་བྱེད་ཀྱི་ཡོད། མཚོ་སྔོན་དུ་དམངས་དོན་ཁྲིམས་གཞུང་གིས་མི་རིགས་ས་ཁུལ་གྱི་ཁྱད་ཆོས་དྲིལ་བསྒྲགས་བྱས་པ་དང“ཁྲིམས་སྐྱོང་རིག་རྩལ་འགྲེམས་སྟོན”དང“གཞི་རིམ་གྱི་ཁྲིམས་ལུགས་ཁྱབ་གདལ་འགྲོ་སྐྱོད”སོགས་མང་ཚོགས་ཀྱིས་མཐོང་འདོད་ཆེ་བའི་རྣམ་པའི་ཐོག་ནས་རི་ཁུལ་དང་། རྩྭ་ཐང་། ཞིང་ཁའི་གང་སར་ཁྲིམས་སྐྱོང་གི་གྲིབ་གཟུགས་མཐོང་རྒྱུ་ཡོད་པ་རེད། གཞི་རིམ་གྱི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་མི་སྣས་སྐད་ཡིག་གཉིས་ཀྱི་ཐོག་ནས་དམངས་དོན་ཁྲིམས་གཞུང་གསལ་འགྲེལ་བྱས་ཏེ་རྩོད་གཞི་སྣ་ཚོགས་སེལ་བ་དང་། དམངས་དོན་ཁྲིམས་གཞུང་ལ་བརྟེན་ནས་ཁྱིམ་མཚེས་ཀྱི་འགལ་བ་དང་སྡེ་ལས་ཀྱི་རྩོད་གཞི་འདུམ་འགྲིག་བྱས་ཏེ་དོན་ཆུང་གྲོང་ཚོ་དང་དོན་ཆེན་གྲོང་རྡལ་ནས་མི་འབུད་པར་སྐུལ་འདེད་བཏང་ནས་གཞི་རིམ་བཅོས་སྐྱོང་གི་ཁྲིམས་སྐྱོང་རྨང་གཞི་བརྟན་པོ་བསྐྲུན་དགོས།
ཁྲིམས་སྐྱོང་དར་རྒྱས་བྱུང་ན་འཕེལ་རྒྱས་དར་རྒྱས་དང་། ཁྲིམས་སྐྱོང་སྟོབས་ལྡན་བྱུང་ན་གསོན་ཤུགས་ཆེ་རུ་འགྲོ་དགོས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་མཚོ་སྔོན་གྱིས་འཐབ་ཇུས་གནས་བབ་ཁྱོན་ཡོངས་ནས་མཐོ་རུ་འགྲོ་བའི་དུས་སྐབས་དང་། སྐྱེ་ཁམས་ལེགས་ཆ་འགྱུར་ལྡོག་གཏོང་བའི་འགག་རྩའི་དུས་སྐབས། དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་དང་མཐོ་རུ་གཏོང་བའི་དུས་སྐབས་བཅས་སུ་སླེབས་ཡོད་པས་དམངས་དོན་ཁྲིམས་གཞུང་ལག་བསྟར་བྱ་རྒྱུ་དམ་འཛིན་བྱ་ཡུལ་དུ་བྱས་ནས་ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་སྟངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱ་དགོས། དམངས་དོན་ཁྲིམས་གཞུང་ཁེ་ལས་ཀྱི་འཁོར་ཁང་དུ་བསྐྱོད་དེ་ཁྲོམ་རའི་བྱེད་པོ་འཕེལ་རྒྱས་གཏོང་རྒྱུའི་ནུས་པ་བཏོན་ནས། གྲོང་གསེབ་སྡེ་ཁུལ་དུ་བསྐྱོད་དེ་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་སྲུང་སྐྱོང་བྱེད་པ། འཕེལ་རྒྱས་ཀྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཚར་ལོངས་ཡོང་བར་ དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་ཆབས་ཅིག་ཁྲིམས་སྐྱོང་གི་འོད་ཟེར་གྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་འཕྲོ་ངེས་ཡིན་པའི་ཡིད་ཆེས་ཡོད།