ཟླ5པའི་ཚེས12ཉིན། ཞིང་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། རྒྱལ་ཡོངས་ཞབས་ཞུའི་ལས་རིགས་ཚོགས་ཆེན་གྱི་བཀོད་སྒྲིག་དོན་འཁྱོལ་བྱས་ནས། དགོས་མཁོའི་སྣེ་ཁྲིད་དང་བསྒྱུར་བཅོས་འགག་སྒྲོལ། ཚན་རྩལ་ནུས་སྤྲོད། སྒོ་འབྱེད་མཉམ་ལས་བཅས་བྱས་ཏེ། ཞབས་ཞུའི་ལས་རིགས་ཀྱི་ནུས་པ་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་ཤུགས་ཆེན་བཏང་ནས་དཔལ་འབྱོར་འཕར་གཞི་གསར་པ་སྔར་ལས་མང་པོ་བསྐྱེད་དགོས་པ་ནན་གྱིས་བསྟན།
ཝུའུ་ཞའོ་ཅུན་ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་། ཀྲུང་གསོག་རིག་སྐྱེལ(མཚོ་སྔོན)ཟོང་འགྲེམ་ཚན་རྩལ་ཚད་ཡོད་ཀུང་སི། མཚོ་སྔོན་རིན་ཧི་འཕྲིན་གཏོང་ཆ་འཕྲིན་ལག་རྩལ་གསར་སྤེལ་ཚད་ཡོད་ཀུང་སི་བཅས་སུ་སོང་ནས་དངུལ་ལོར་ཞབས་ཞུ་ཚོགས་པའི་དཔལ་འབྱོར་དང་འགྲིམ་འགྲུལ་དངོས་སྐྱེལ། ཆ་འཕྲིན་ལག་རྩལ་ཞབས་ཞུའི་ཁེ་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ནི་དཔལ་འབྱོར་འཕར་སྣོན་དང་ཐོན་ལས་རིམ་འཕར་ལ་སྐུལ་འདེད་གཏོང་བའི་འགག་རྩའི་སྟོབས་ཤུགས་ཡིན་པས། དངུལ་རྩའི“དོན་ཚན་ཆེན་པོ་ལྔ”ལེགས་པར་སྒྲུབ་དགོས་པ་དང་། དངུལ་རྩའི་ཡོ་བྱད་གཅིག་གྱུར་གྱིས་བཀོལ་སྤྱོད་ཡག་པོ་བྱས་ཏེ། ཐོན་ལས་གསར་པ་དང་ལས་རྣམ་གསར་པ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས། ཞིན་ཅང་དང་བོད་འབྲེལ་ས་ཁུལ་གྱི་ལེགས་ཆར་གཞི་ཚུགས་ནས་ལྗང་མདོག་རྩིས་ནུས་ཐོན་ལས་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ། མི་དང་ཟོང་འགྲེམ། ཆ་འཕྲིན། མ་དངུལ་བཅས་ཀྱི་རྒྱུན་མི་ཆད་པར་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་ཟོང་འགྲེམ་གྱི་མ་རྩ་རྒྱུན་ཆད་མེད་པར་ཇེ་དམའ་རུ་གཏོང་དགོས། གཞི་གྲངས་བསྡུ་རུབ་ཕྱོགས་བསྡུས་དང་ཚན་རིག་དབྱེ་ཞིབ་ཀྱི་དུས་ཆོད་རང་བཞིན་དང་གནད་འཁེལ་རང་བཞིན་ཆེ་རུ་གཏོང་བ་དང་། ཆ་འཕྲིན་ལག་རྩལ་སྐྱེ་ཁམས་དང་། ཐོན་སྐྱེད། བདེ་འཇགས་སོགས་གཙོ་གནད་ཁྱབ་ཁོངས་སུ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཚོགས་འཁོར་སྐྱོད་ཀྱི་གཞི་གྲངས་རྨང་རྡོ་བརྟན་པོར་བསྐྲུན་ནས། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཆེད་ལས་ཅན་དང་རིན་ཐང་སྦྲེལ་ཐག་གི་རྩེར་སོན་རྒྱུན་བསྲིངས་ལ་སྐུལ་འདེད་བྱེད་དགོསཔ་ནན་གྱིས་བསྟན།
ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཟློས་གར་ཁང་ཆེན་མོ་དང་། དབྱི་ཅཱ་ཆིན་སྒོ་རྩིས་ཚོང་ཁང་། མའེ་ཏང་ལའོ། ཞའོ་སྨི་རླངས་འཁོར་ཟི་ལིང་རྩིས་སྤྲོད་ལྟེ་གནས། “དར་གོས་ཚོང་ལམ་གྱི་ཕུགས་འདུན་མཉམ་སྤྱོད་རྟགས་ཅན”མེ་འཁོར་བཅས་ལ་ལྟ་ཞིབ་བྱས་ནས། རིག་གནས་ལུས་རྩལ་རོལ་རྩེད་དང་། དམངས་བདེའི་འཚོ་བ། དེང་རབས་ཚོང་དོན། རྩེར་སོན་ཡུལ་སྐོར་སོགས་ལས་རིགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཡུལ་དངོས་རྟོག་ཞིབ་བྱས། ཁོས་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དེ་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཚོ་བ་དང་ཐད་ཀར་འབྲེལ་བ་ཡོད་པས། མཚོ་སྔོན་གྱི་ཁྱད་ཆོས་གང་ལེགས་ཀྱིས་མངོན་པ་དང་། སྤུས་རྟགས་ཀྱི་ཕན་འབྲས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་མ་རྩ་རྒྱ་ཁྱབ་ངང་ནང་འདྲེན་བྱེད་པ། ཚ་གཡོལ་དཔལ་འབྱོར་དང་། འཁྲབ་རྩལ་དཔལ་འབྱོར། འགྲན་བསྡུར་དཔལ་འབྱོར་སོགས་གོང་སྤེལ་ཆེན་པོ་བཏང་ནས། གྲོང་ཁྱེར་གྱི་གསོན་ཤུགས་ཟམ་མི་ཆད་པར་མཐོར་འདེགས་གཏོང་དགོས། འཛད་སྤྱོད་གྲུབ་ཚུལ་རིམ་སྤོར་གྱི་འཕེལ་ཕྱོགས་དང་བསྟུན་ནས། མང་ཚོགས་ཀྱི་རིམ་པ་མང་བ་དང་། སྣ་མང་ཅན། རང་གཤིས་ཅན་བཅས་ཀྱི་འཛད་སྤྱོད་ཁྱད་ཆོས་ལ་དམིགས་ཏེ། འཛད་སྤྱོད་མཁོ་སྤྲོད་རྒྱུན་མཐུད་ངང་ཕུན་སུམ་ཚོགས་པར་གཏོང་བ་དང་། འཛད་སྤྱོད་རྣམ་པ་གསར་གཏོད། འཛད་སྤྱོད་སྲིད་ཇུས་བེད་སྤྱོད་ཡག་པོ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས་པ་ནན་གྱིས་བསྟན།
མཁར་བྱང་ཆུས་ཁྲའོ་དབྱང་ལམ་ཧྲན་ཁྲོན་སྡེ་ཁུལ་ནི“རིམ་གསུམ”འཛུགས་སྐྲུན་གྱི་དྲན་ཤེས་ལྡན་པའི་སྡེ་ཁུལ་རྙིང་པ་ཞིག་ཡིན། ཝུའུ་ཞའོ་ཅུན་ཏང་དམངས་ཞབས་ཞུ་ལྟེ་གནས་སུ་བསྐྱོད་དེ། སྡེ་ཁུལ་གཞི་གཅིག་ཅན་གྱི་ཞབས་ཞུ་མཐོ་རུ་བཏང་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་ཏེ། གཞི་རིམ་བཅོས་སྐྱོང་ཁྲོད་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། སྤྱི་ཚོགས་རྩ་འཛུགས་ཀྱི་སྟོབས་ཤུགས་གཅིག་གྱུར་སྒོས་འཆར་འགོད་ཡག་པོ་བྱས་ནས། ཞབས་ཞུ་དང་འགན་ལེན་ཆུ་ཚད་མཐོ་རུ་བཏང་སྟེ། མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་ཟམ་མ་ཆད་པར་ཇེ་ཆེ་གཏོང་དགོས་པ་ནན་གྱིས་བསྟན།
ལིའུ་ཁྲའོ་རྟོག་ཞིབ་ལ་ཞུགས།