ཟླ4པའི་ཚེས14ཉིན། མཚོ་སྔོན་ཀུའོ་ཡོན་རྫས་འགྱུར་བཟོ་ལས་ཚན་རྩལ་ཚད་ཡོད་ཀུང་ཟིས་ཟི་ལིང་སྒོ་ཁྲལ་ཁོངས་གཏོགས་ཀྱི་ན་གོར་མོ་སྒོ་ཁྲལ་ལས་ཁུངས་ལ་ཕྱིར་གཏོང་དངོས་ཟོག་ཐོག་མའི་ཐོན་ཡུལ་ལག་ཁྱེར་རེ་ཞུ་བྱས་པ་ལེགས་འགྲུབ་བྱུང་། དེའི་རྗེས། ཁིལ་སྐྱུར་ནཱ་ནང་འཇུག་བྱས་ནས་ཕྱི་ཕྱོགས་སུ་སྐྱེལ་འདྲེན་བྱེད་རྒྱུ་རེད། འདི་ནི་ཁེ་ལས་ཀྱི་ཉིན་རྒྱུན་ལས་སྒོའི་ལས་རིམ་ཞིག་ཡིན་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་ཚྭ་མཚོའི་རྫས་འགྱུར་བཟོ་ལས་ཐོན་རྫས་ཀྱི་རྒྱལ་སྤྱིའི་ཁྲོམ་རའི་འགྲན་རྩོད་ནུས་ཤུགས་ཉིན་བཞིན་འཕར་བ་མཚོན་ཐུབ། མཚོ་སྔོན་སྒོ་ཁྲལ་གྱིས་སྡོམ་རྩིས་བྱས་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོར། དབྱང་འགྱུར་རྨེ་དང་ཐཱན་སྐྱུར་ནཱ་སོགས་ཚྭ་མཚོའི་རྫས་འགྱུར་བཟོ་ལས་ཐོན་རྫས་ཕྱིར་གཏོང་ཚད་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གསུམ་ལ་སླེབས་ཤིང་། བརྒྱ་ཆའི་ཉི་ཤུ་དང་གྲངས་ཆུང་བདུན་འཕར་ཡོད།
ཚྭ་མཚོའི་ཐོན་ཁུངས་ནི་མཚོ་སྔོན་གྱི་ཐོན་ཁུངས་དགེ་མཚན་ཡིན་ལ། རྒྱལ་ཁབ་ཀྱི་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་ཀྱི་གྲུབ་ཆ་གཙོ་བོའང་ཡིན། མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་རི་མོའི་ཁྲོད། འཛམ་གླིང་རིམ་པོའི་དེང་རབས་ཚྭ་མཚོའི་ཐོན་ལས་མ་ལག་ཐོག་མར་བསྐྲུན་ནས། ཚྭ་མཚོ་དང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་དེ་གོ་གནས་གཙོ་བོར་བཞག་ཡོད། འདི་ནི་མཚོ་སྔོན་གྱིས་ཐོན་ཁུངས་ཀྱི་དགེ་མཚན་ལ་རྐང་བཙུགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་ཐབས་ལམ་ཡིན་པར་མ་ཟད། གོ་ལ་ཧྲིལ་བོའི་ཐོན་ལས་མུ་ཕྲེང་ཁྲོད་མཉམ་འདྲེས་ཟབ་མོ་བྱས་ནས། ཁུལ་ཁོངས་དཔལ་འབྱོར་གྱི་འགྲན་རྩོད་ནུས་ཤུགས་མཐོར་འདེགས་གཏོང་བའི་གདམ་གའང་ཡིན།
ཁེ་ལས་སྔར་ལས་རྒྱལ་སྤྱིའི་ཁྲོམ་རར་ཟབ་ཞུགས་བྱེད་པར་རོགས་ཤུགས་འདོན་པ་དང་། ཚྭ་མཚོའི་རྫས་འགྱུར་བཟོ་ལས་ཐོན་རྫས་ཀྱི་ལྟེ་བའི་འགྲན་རྩོད་ནུས་ཤུགས་མཐོར་འདེགས་གཏོང་ཆེད། ཟི་ལིང་གི་སྒོ་ཁྲལ་གྱིས་རང་འགུལ་ངང་ལས་འགན་བསྒྲུབ་པ་དང་། སྒོ་ཁྲལ་དང་ཁེ་ལས་ཀྱི་གྲོས་མོལ་ཚོགས་འདུ་དང་སྒོ་ཁྲལ་ལས་ཁུངས་ཀྱི་འགོ་གཙོས་ཁེ་ལས་སུ་སྲིད་ཇུས་གསར་བ་སྒྲོག་འགྲེལ་བྱེད་པ། ཡིད་རྟོན་དོ་དམ་སྟེགས་བུ་སོགས་ཀྱི་ཐེག་ནུས་ལ་བརྟེན་ནས། ཁེ་ལས་ཀྱིས་ཐོན་ཁུལ་སོགས་ཀྱི་སྒོ་ཁྲལ་གཟིགས་སྐྱོང་སྲིད་ཇུས་ཁེ་ཕན་ལོངས་སུ་སྤྱོད་པར་རོགས་རམ་བྱས་པ་དང་། སྒོ་ཁྲལ་ལས་བརྒལ་བའི་མ་རྩ་ནུས་ལྡན་གྱིས་ཇེ་དམའ་རུ་བཏང་ཞིང་། དངོས་རྒྱུག་ལས་ཆོད་མཐོར་འདེགས་བཏང་ལ། མཚོ་སྔོན་གྱི་ཚྭ་མཚོའི་རྫས་འགྱུར་བཟོ་ལས་ཐོན་རྫས་ཀྱི་ཕྱིར་གཏོང་ཚད་ཇེ་མང་དུ་གཏོང་བར་རོགས་ཤུགས་བཏོན་ནས། མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་འཛམ་གླིང་དུ་ཕྱོགས་པར་སྒུལ་ཤུགས་ཆེན་པོ་བསྣན།