ཟླ4པའི་ཚེས19ཉིན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ནུབ་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་དུ་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭ་ཆུང་འབྲིང་གི་སྟོན་དཔྱིད་ཀྱི་གུང་གསེང་ལམ་ལུགས་སྔོན་ལ་ལག་བསྟར་བྱས་པ་དང་། དེ་ནི་མཚོ་ནུབ་ཁུལ་གྱིས་སློབ་ཁྲིད་མི་སྐྱོང་གི་ཆོས་ཉིད་ལ་རྐང་བཙུགས་པ་དང་ས་ཁོངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་བཏོན་པའི་དམངས་འཚོའི་བྱེད་ཐབས་གལ་ཆེན་ཞིག་ལ། དེ་ལས་ཀྱང་མཚོ་ནུབ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་གུང་གསེང་ལེགས་སྒྲིག་བཅོས་སྒྱུར་གྱི་གསར་གཏོད་བྱེད་ཐབས་ཤིག་ཡིན་ཞིང་། ཁུལ་ཡོངས་ཀྱི་རྒྱ་ཆེའི་དགེ་སློབ་དང་ཁྱིམ་བདག་རྣམས་ཀྱིས་ཁྱད་ཆོས་ལྡན་པའི་གུང་གསེང་ཐུང་ངུ་ཞིག་ལོངས་སུ་སྤྱོད་ཐུབ་པར་བྱས།
བཀོད་སྒྲིག་ལྟར་ན། 2026ལོའི་མཚོ་ནུབ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་དཔྱིད་དུས་ཀྱི་གུང་གསེང་དུས་ཚོད་ཟླ4པའི་ཚེས27ཉིན་ནས་ཚེས30བར་ཡིན་པ་དང་། བསྡོམས་པས་ཉིན་བཞི་ཡོད་ལ། ལྔ་གཅིག་ངལ་རྩོལ་དུས་ཆེན་གྱི་གུང་གསེང་དང་མཉམ་བསྲེས་བྱས་ཚེ། བསྡོམས་པས་ཉིན་བཅུ་གཅིག་ལ་ངལ་གསོས་ཆོག སྟོན་དུས་ཀྱི་གུང་གསེང་དུས་ཚོད་ཟླ9པའི་ཚེས28ཉིན་ནས་ཚེས30ཉིན་བར་ཡིན་པ་དང་། བསྡོམས་པས་ཉིན་གསུམ་ཡོད་ལ། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་དང་སྦྲེལ་ཚེ་བསྡོམས་པས་ཉིན་བཅུ་གསུམ་ལ་ངལ་གསོས་ཆོག
མཚོ་ནུབ་ཁུལ་གྱིས་ཞིབ་ཕྲའི་བྱེད་ཐབས་གཏན་འབེབས་དང་མཉམ་འགུལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་བར་མ་ཟད། སྡེ་ཁག་མང་པོའི་མཉམ་ཤུགས་གྲུབ་པར་བྱས་ནས་སྟོན་དཔྱིད་དུས་ཀྱི་གུང་གསེང་ལམ་ལུགས་ལག་བསྟར་བཟང་བོ་བྱེད་པར་འགན་སྲུང་བྱས། སློབ་གསོ་སྡེ་ཁག་གིས་ཚན་རིག་དང་མཐུན་པའི་སྒོ་ནས་སློབ་སྐབས་གཅིག་གི་སློབ་ཁྲིད་འཆར་གཞི་ལེགས་སྒྲིག་བྱས་ཏེ་སློབ་ཁྲིད་ལས་འགན་ལ་འགན་ལེན་བྱེད་པའི་སྔོན་འགྲོའི་འོག བདེ་འཇགས་ཉེན་བརྡའི་རྐྱེན་སྲོལ་གྱི་བྱེད་ནུས་འདོན་སྤེལ་བྱས་ཏེ་འགྲིམ་འགྲུལ་བདེ་འཇགས་དང་ཟས་རིགས་བདེ་འཇགས། ཆུ་ནང་དུ་ལྷུང་བ་སྔོན་འགོག་སོགས་བདེ་འཇགས་འགོག་སྲུང་བྱེད་ཐབས་ཐད་ནས་དམིགས་སའི་རང་བཞིན་ལྡན་པའི་དྲིལ་སྒྲོག་སློབ་གསོའི་བྱ་བ་སྤེལ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས་ལས་ཁུངས་དང་ཁེ་ལས། ལས་རིགས་སྡེ་ཁག་གི་ནར་མ་སོན་པའི་བྱིས་པ་ཡོད་པའི་ཁྱིམ་ཚང་གིས་ངལ་གསོའི་དུས་ཡུན་ལེགས་སྒྲིག་བྱས་ཆོག་པར་བྱས་པ་དང་། སྤྱི་ཁྱབ་བཟོ་ཚོགས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས། གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་གིས་སྡེ་ཁུལ་གྱི་དགེ་མཚན་ལ་བརྟེན་ནས་སྟོན་དཔྱིད་དུས་ཀྱི་གུང་གསེང་སྐབས་ཀྱི་བུ་བཅོལ་དོ་དམ་ཞབས་ཞུ་ལག་བསྟར་བྱས། རིག་གནས་ཡུལ་སྐོར་དང་སྤྱི་བདེ། འགྲིམ་འགྲུལ་སོགས་སྡེ་ཁག་གིས་ལྗོངས་ཁུལ་གྱི་བདེ་འཇགས་ཐད་ཀྱི་དོ་དམ་ཚོད་འཛིན་དང་ལམ་གྱི་གནས་ཚུལ་ཐད་གྱི་ཉེན་བརྡ། དེ་བཞིན་སྤྱི་བའི་ཞབས་ཞུའི་འགན་སྲུང་སོགས་ལ་ཤུགས་བསྣན་ནས་མུ་ཕྲེང་ཡོངས་ཀྱི་འགན་སྲུང་དྲ་རྒྱ་གྲུབ་པར་བྱས།
ཐེངས་འདིའི་སྟོན་དཔྱིད་དུས་ཀྱི་གུང་གསེང་དེ་སློབ་གྲྭས་སྐབས་བསྟུན་གཟའ་འཁོར་ལ་བརྟེན་ནས་ལག་བསྟར་བྱེད་པ་ལས། དབྱར་དགུན་གནང་གི་དུས་ཡུན་ཇེ་ཐུང་དུ་བཏང་མེད། གུང་གསེང་སྐབས་སུ། སློབ་གསོ་སྡེ་ཁག་གིས་ཁུར་བོ་ཇེ་ཡང་དུ་བཏང་ནས་ཕན་འབྲས་ཆེ་རུ་གཏོང་བའི་འདུ་ཤེས་དར་སྤེལ་བཏང་ནས་དགེ་རྒན་གྱིས་ཡིག་ཐོག་གི་ལས་བྱ་ཇེ་ཉུང་དུ་གཏོང་བར་སྐུལ་མ་བཏང་སྟེ་སློབ་མ་རྣམས་སྤྱི་ཚོགས་ལག་ལེན་ཁྲོད་ཞུགས་པ་དང་། ཞིབ་འཇུག་སློབ་སྦྱོང་བྱས་ཏེ་ཤེས་རྒྱ་དང་མཐོང་རྒྱ་ཆེ་རུ་གཏོང་བར་སྐུལ་ཁྲིད་བྱས།