ཟླ4པའི་ཚེས18ཉིན། ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་མཛེས་སྡུག་གི་མགོ་ལོག་མཉམ་དུ་བསྐྲུན་ཞེས་པའི་ལྔ་བཞི་ན་གཞོན་དུས་ཆེན་གྱི་བརྗོད་དོན་བྱེད་སྒོ་རབ་དང་རིམ་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྟ་བོ་གྲོང་རྡལ་གེ་སར་ཐང་ཆེན་དུ་སྤེལ་འགོ་བརྩམས་ནས་མགོ་ལོག་གི་ན་གཞོན་རྣམས་ཀྱི་སྐྱེ་སྟོབས་ལྡན་ཞིང་དགེ་བརྩོན་ཡར་ཐོན་གྱི་བསམ་པའི་སྙིང་སྟོབས་ཕྱོགས་ཡོངས་ནས་མངོན་པར་བྱས་པ་དང་། མི་རིགས་སོ་སོའི་ན་གཞོན་རྣམས་ཕན་ཚུན་འགྲོ་འོང་དང་བརྗེ་རེས། འབྲེལ་འདྲིས་བཅས་བྱེད་པར་ནུས་ཡོད་སྒོས་སྐུལ་འདེད་བཏང་སྟེ། ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྟོབས་དང་ལྡན་པའི་ལང་ཚོའི་སྒུལ་ནུས་འདོན་སྤྲོད་བྱས།
ཐེངས་འདིའི་བྱེད་སྒོས་ལང་ཚོར་བརྟེན་ནས་ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་དང་དངོས་སྒྲུབ་ལ་བརྟེན་ནས་ན་གཞོན་གྱི་སྟོབས་ཤུགས་གཅིག་བསྡུས་བྱས་ཡོད་ལ། ན་གཞོན་གྱི་བསམ་བློ་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་དང་ཕུགས་བསམ་འདུ་ཤེས་ཀྱི་རྨང་གཞི་བརྟན་པོར་འཛུགས་པའི་ལག་ལེན་གསོན་པོ་ཞིག་ཡིན་པ་མ་ཟད། མགོ་ལོག་ཁུལ་ཨུས་བཏོན་པའི་འཕེལ་རྒྱས་བསམ་ཕྱོགས་ལ་ཞབས་འདེགས་ཞུས་ཏེ་ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས། གསོ་སྤེལ་བཅས་ལས་རིགས་དྲུག་གི་མཉམ་བསྲེས་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན།
བྱེད་སྒོས་ཁྱད་ཆོས་ཆེན་པོ་དྲུག་ལ་བརྟེན་ནས་ན་གཞོན་གྱི་འདུ་ཚོགས་ཆེན་པོ་ཞིག་བསྒྲུབས་ཡོད་དེ། སྒྱུ་རྩལ་དང་བསམ་བློ་ཆབ་སྲིད་ཀྱི་གར་སྟེགས་ཟློས་གར《མགོ་ལོག・མགོ་ལོག》ཅེས་པས་མགོ་ལོག་གི་སྲིད་བཙུགས་ལོ་ངོ་དོན་གཉིས་རིང་གི་འཕེལ་རྒྱས་གྲུབ་འབྲས་མངོན་པར་བྱས་ཡོད་པ་དང་། ན་གཞོན་རྣམས་ཀྱིས་རྒྱལ་ཁབ་དང་ཕ་ཡུལ་ལ་བཅངས་པའི་བརྩེ་བ་ཇེ་ཟབ་ཏུ་བཏང་། གཞོན་ནུའི་ལས་གཏོད་རུ་ཁག་སུམ་ཅུ་བསྡུས་ནས་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་དང་ཞིང་ལས་ཁྱད་ལྡན་ཐོན་ལས་སོགས་འགྲེམ་ཚོང་བྱས་པ་དང་། ཡུལ་དངོས་སུ་རིན་ཐང་སྒོར་ཁྲི་དྲུག་གི་ན་གཞོན་གྱི་འཛད་སྤྱོད་འཛིན་ཤོག་བྱིན་ལ། ཉིན་གཅིག་གི་ཕྱིར་འཚོང་མ་དངུལ་སྒོར་ཁྲི་བཞི་ལས་བརྒལ་ནས་ན་གཞོན་རྣམས་ཀྱི་ལས་བཏོད་ལས་སྐྲུན་གྱི་སྒུལ་ཤུགས་བསྐྱེད་པར་བྱས། ན་གཞོན་གྱི་ཚོང་ཟོག་རྙིང་བ་བརྗེ་རེས་བྱེད་པའི་ཁྲོམ་རས་དངོས་པོ་རྙིང་བ་བརྗེ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ལྗང་མདོག་ཐཱན་ཉུང་དར་སྤེལ་བཏང་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ལང་ཚོའི་སྟོབས་ཤུགས་ཕུལ། རིགས་སོ་སོའི་ན་གཞོན་རྣམས་ཀྱིས་མི་རིགས་ང་དྲུག་གི་རྒྱན་གོས་གྱོན་ནས་མཉམ་དུ་འཁྲབ་སྟོན་བྱས་ཏེ་ཕན་ཚུན་བར་འགྲོ་འོང་དང་བརྗེ་རེས། འབྲེལ་འདྲིས་བཅས་བྱེད་པར་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས། ན་གཞོན་གྱི་གླུ་གར་འཁྲབ་སྟོན་གྱིས་གླུ་དབྱངས་དང་ཞབས་བྲོ། གཟུགས་འདས་ཤུལ་བཞག་རིག་གནས་སོགས་ཀྱི་གྲུབ་འབྲས་འགྲེམ་སྟོན་བྱས་ཏེ་ཧྲང་ཧེས་རོགས་འཛུགས་བྱས་པའི་མགོ་ལོག་ཁུལ་གྱི་ན་གཞོན་གྱི་སློབ་ཕྱིའི་བྱེད་སྒོའི་ལྟེ་གནས་ཀྱི་མི་སྐྱོང་གྲུབ་འབྲས་མངོན་པར་བྱས། གཟུགས་འདས་ཤུལ་བཞག་རིག་གནས་ཉམས་ཞིབ་ཁུལ་དུ་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་དང་བརྗོད་དོན་རི་མོ་འབྲི་བ་སོགས་ཀྱི་མཉམ་འགུལ་བྱེད་སྒོ་སྤེལ་ནས་མི་རིགས་རིག་གནས་དང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་བསྲེས་ཟབ་མོ་ཡོང་བར་སྐུལ་འདེད་བཏང་།
ཐེངས་འདིའི་བྱེད་སྒོ་དེ་གུང་གཞོན་ཚོགས་པ་མགོ་ལོག་ཁུལ་ཨུ་ཡོན་ལྷན་ཁང་གིས་ཁུལ་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཁུལ་སློབ་གསོ་ཅུས། ཁུལ་བཟོ་ལས་དང་ཆ་འཕྲིན་ཅན་ཅུས། ཁུལ་རིག་གནས་ཡུལ་སྐོར་ཅུས་སོགས་སྡེ་ཁག་མང་པོ་དང་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པ་ཡིན་ལ། ཁུལ་མི་རིགས་གླུ་གར་ཚོགས་པ་དང་ཁུལ་ན་གཞོན་གྱི་སློབ་ཕྱིའི་བྱེད་སྒོའི་ལྟེ་གནས་གཉིས་ཀྱིས་རོགས་སྒྲུབ་བྱས་པ་ཡིན། ཁུལ་ཐད་གཏོགས་ལས་ཁུངས་དང་ཞིང་ཆེན་གྱི་མགོ་ལོག་ཁུལ་དུ་སྡོད་པའི་ལས་ཁུངས་ཀྱི་ན་གཞོན་ལས་བྱེད་པ་དང་ན་གཞོན་སློབ་མ། ན་གཞོན་ལས་གཏོད་པ། མི་རིགས་སོ་སོའི་ན་གཞོན་གྱི་འཐུས་མི། ན་གཞོན་དང་བླངས་པ་སོགས་མཉམ་དུ་བྱེད་སྒོར་ཞུགས་ནས་གུང་གཞོན་ཚོགས་པ་དང་སློབ་གསོ་ཅུས་ཀྱིས་ཕན་ཚུན་མཐུན་སྦྱོར་དང་སྡེ་ཁག་བརྒལ་ནས་ཕན་ཚུན་མཉམ་འགུལ་བྱེད་པའི་བྱེད་ཐབས་གཏིང་ཟབ་ཏུ་སྤེལ་བ་དང་། ཏང་དང་གུང་གཞོན་ཚོགས་པ། ལོ་ཆུང་གདོང་ལེན་རུ་ཁག་བཅས་ཀྱི་གཞི་གཅིག་ཅན་གྱི་མི་སྐྱོང་མུ་ཕྲེང་གི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད།