ཉེ་ལམ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གིས་བསྒྲགས་པ་ལྟར་ན། མིག་སྔའི་བར། ཧི་ནན་རྫོང་ཡོངས་ཀྱི་ཆུ་ངོས་དང་ས་འོག་གི་ཆུ། དེ་བཞིན་འཐུང་ཆུའི་ཆུ་ཁུངས་ཀྱི་ཆུ་སྤུས་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད་པ་དང་། ས་ཆུ་སྲུང་འཛིན་ཚད་བརྒྱ་ཆའི་གོ་གསུམ་བར་མཐོར་འདེགས་བྱུང་ནས་ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྲུབ་འབྲས་འབུར་ཐོན་གྱི་ས་ཁུལ་དུ་བདམས་པ་དང་། རྨ་ཆུའི་འགོ་ཁུངས་ཀྱི་ཆུ་བོ་གཙང་ཞིང་འགྲམ་ངོགས་ལྗང་བའི་སྐྱེ་ཁམས་དམིགས་འབེན་མངོན་འགྱུར་བྱུང་ནས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་རར་རྨང་གཞི་བརྟན་པོ་བཏིངས།
ཧི་ནན་རྫོང་རྨ་ཆུའི་ཁུག་འགོ་དང་པོའི་སྐྱེ་ཁམས་ཁུལ་ཁོངས་གལ་ཆེན་དུ་གནས་པ་དང་། ཐོག་མཐའ་བར་གསུམ་དུ་རྨ་ཆུའི་འགོ་ཁུངས་ཀྱི་ཆུ་སྤུས་ལ་མ་ལག་ལྡན་པའི་བཅོས་སྐྱོང་དང་སྲུང་སྐྱོབ་བྱེད་བཞིན་ཡོད། ཧི་ནན་རྫོང་གིས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དང་རྨ་ཆུའི་བཞུར་རྒྱུད་ཀྱི་འབག་བཙོག་འགོག་བཅོས་སོགས་བཟོ་སྐྲུན་གལ་ཆེན་རྒྱུན་མཐུད་ངང་ལག་བསྟར་བྱས་ཏེ་བསྡོམས་པས་སྤྱི་ཆིངས་ཁྲི་གཅིག་དང་སྟོང་ལྔའི་རྒྱལ་ཁོངས་ལྗང་སྒྱུར་དང་སྤྱི་ཆིངས་ཁྲི་གཅིག་དང་སྟོང་ལྷག་གི་རི་བཀག་ནགས་གསོ། སྤྱི་ཆིངས་སྟོང་ལྔ་དང་སུམ་བརྒྱ་སོ་གསུམ་གྱི་མིས་བཅོས་རྩྭ་འདེབས་སོགས་ལས་འགན་ཡོངས་འགྲུབ་བྱས་ནས་ཨ་མྱེས་རྨ་ཆེན་རི་རྒྱུད་ཀྱི་ལྟག་ཆུ་སྐྱིལ་གསོག་དང་། སྐྱེ་ཁམས་ཆུ་གསོག་དང་ཆུ་སྲུང་གི་ནུས་པ་མཐོར་འདེགས་བཏང་།
ཆུ་བོ་དང་མཚེའུའི་དོ་སྲུང་ཕྱོགས་ཡོངས་ལ་ཁེབས་པ་མངོན་འགྱུར་བྱེད་ཆེད། ཧི་ནན་རྫོང་གིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་འགན་འཁྲི་ཇེ་དམ་དུ་བཏང་སྟེ་རྫོང་ཁོངས་ཀྱི་ཆུ་བོ་གསུམ་དང་ཆུ་ཕྲན་དགུ། ཆུ་མིག་སོ་དགུ། མཚེའུ་བཞི་བཅས་ཁུལ་ཁོངས་བགར་ཏེ་ཞིབ་ཚགས་ཅན་གྱི་དོ་དམ་བྱེད་པའི་ཁྱབ་ཁོངས་སུ་འཇོག་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་ཆུ་བོ་དང་མཚེའུའི་གཙང་སེལ་བཞིའི་ཆེད་དོན་འགུལ་སྐྱོད་སྤེལ་བ། ཆུ་ཁོངས་འགྲམ་རྒྱུད་ཀྱི་དོ་དམ་ཚོད་འཛིན་དང་གད་སྙིགས་གཙང་སེལ། འབག་བཙོག་ཞིབ་བཤེར་སོགས་གནད་འགག་ལས་རིམ་ལ་དམིགས་ནས་གནད་ཕིགས་སྒོས་དག་ཐེར་བཅོས་སྐྱོང་བཅས་བྱས་ཏེ་ཆུ་བོ་དང་མཚེའུའི་དོ་སྲུང་ཐད་ནོར་འཛོལ་གཅིག་ཀྱང་མེད་པ་མངོན་འགྱུར་བྱེད་རྒྱུ་རེད།
ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ། ཧི་ནན་རྫོང་གིས་མུ་མཐུད་དུ་རྨ་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་འགན་འཁྲི་ལག་བསྟར་བཟང་བོ་བྱས་ཏེ་ཆུའི་སྐྱེ་ཁམས་མ་ལག་གི་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བ་དང་ཆུ་དཔོན་མཚོ་དཔོན་ལམ་ལུགས་ཀྱི་ཡུན་ཕན་རྐྱེན་སྲོལ་དོན་འཁྱོལ་ནན་མོ་བྱེད་པ། ལྟག་ཆུ་སྐྱིལ་གསོག་དང་ས་ཆུ་སྲུང་འཛིན་ནུས་པ་རྒྱུན་མཐུད་ངང་མཐོར་འདེགས་གཏོང་བ་བཅས་བྱས་ནས་ཚད་གཞི་སྔར་ལས་མཐོན་པོས་རྨ་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་རེད།