མཚོ་སྔོན་གྱིས་ཚོགས་པ་རྩ་འཛུགས་བྱས་ཏེ་ཀྲུང་གོ་རྒྱལ་སྤྱིའི་འཛད་སྤྱོད་ཐོན་རྫས་འགྲེམ་སྟོན་ཚོགས་འདུ་སྐབས་དྲུག་པར་ཞུགས་རྒྱུ་རེད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཀྲུང་གོ་རྒྱལ་སྤྱིའི་འཛད་སྤྱོད་ཐོན་རྫས་འགྲེམ་སྟོན་ཚོགས་འདུ་སྐབས་དྲུག་པ་ཟླ4པའི་ཚེས13ཉིན་ནས་ཚེས18ཉིན་བར་ཧེ་ནན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་བསྡུ་རྒྱུ་ཡིན་པ་དང་།   མཚོ་སྔོན་ཞིང་ཆེན་གྱིས་སྲིད་གཞུང་གི་འཐུས་ཚབ་ཚོགས་པ་དང་དཔལ་འབྱོར་ཉོ་ཚོང་འཐུས་ཚབ་ཚོགས་པ་རྩ་འཛུགས་བྱས་ཏེ་འགྲེམ་སྟོན་ཚོགས་འདུར་ཞུགས་རྒྱུ་རེད།     མིག་སྔར།   འགྲེམ་སྟོན་ལ་ཞུགས་པའི་ཁེ་ལས་དང་མཚོ་སྔོན་གྱི་ཐོན་རྫས་བཟང་བོ་འདེམ་པ།   འགྲེམ་ཁང་འཛུགས་སྐྲུན།   འགྲེམ་རྫས་སྐྱེལ་འདྲེན་སོགས་དུས་སྐབས་སྔོན་གྱི་བྱ་བར་གྲ་སྒྲིག་ཚགས་སུ་ཆུད་པ་བྱས་ཡོད།

ཐེངས་འདིའི་འཛད་སྤྱོད་ཐོན་རྫས་འགྲེམ་སྟོན་ཚོགས་འདུའི་མཚོ་སྔོན་གྱི་འགྲེམ་སྟོན་ཁང་གི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཉིས་བརྒྱ་ཡོད་པ་དང་།    འགྲེམ་སྟོན་ཁང་ཇུས་འཐོད་ཐད་ནས་པར་ལེན་བརྙན་མིག་གི་མཐོང་ཚོར་གཙོ་གནད་དུ་བཟུང་ནས་ད་ལྟ་ཆེས་དགའ་བསུ་ཐོབ་བཞིན་པའི་བླ་ཤིང་གི་གོ་དོན་ཟབ་མོའི་ཁྲོད་འདྲེས་པར་བྱས་ཏེ་གངས་རི་དང་མཚེའུ།   རྩྭ་ཐང་།  སྐྱེ་ཁམས་ཐོན་ལས་བཅས་ཀྱི་འཕེལ་རྒྱས་བཟང་བོ་མཉམ་བསྲེས་ཟབ་མོ་ཡོང་བར་བྱས་ཡོད། འགྲེམ་སྟོན་ཁང་གི་ཕྱི་རོལ་དུ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་གནས་བཞི་བསྐྲུན་པའི་གྲུབ་འབྲས་མངོན་པར་བྱས་ཡོད་ལ།   ནང་ཁུལ་དུ་ཕྱི་ཚོང་ཐོན་རྫས་བཟང་བོ་དང་མཚོ་སྔོན་གྱི་དངོས་རྫས་བཟང་བོ།   མཚོ་སྔོན་གྱི་ཁྱིམ་ཚང་གི་གསོལ་སྟོན་བཅས་ཁུལ་ཁོངས་ཆེན་པོ་གསུམ་བཀོད་སྒྲིག་བྱས་ཏེ་མཚོ་སྔོན་གྱི་སྐྱེ་ཁམས་ཀྱི་མཛེས་པ་དང་ཐོན་ལས་དར་རྒྱས། རིག་གནས་ཀྱི་ནང་སྙིང་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།

འགྲེམ་སྟོན་ལ་ཞུགས་པའི་ཁེ་ལས་མཚོ་སྔོན་དུ་ལེགས་འདེམས་བྱས་པ་ཡིན་ལ།   ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་ཕྱི་ཚོང་ཐོན་རྫས་བཟང་བོ།   གཟུགས་འདས་ཤུལ་བཞག་རིག་གནས་གསར་གཏོད་སོགས་བརྗོད་དོན་ལ་ཁྱབ་པར་བྱས་ཡོད།   འགྲེམ་སྟོན་ལ་ཞུགས་པའི་ཐོན་རྫས་ནང་མཐོ་སྒང་གི་ནོར་ཤ་དང་ལུག་ཤ།    འཕང་འབྲས་དམར་པོ་དང་ནག་པོ།  དབྱར་རྩྭ་དགུན་འབུ།   ནས་ཆང་།   འོ་མ།   སྦྲང་རྩི་སོགས་རིགས་མང་པོ་ཡོད་པ་དང་།    ཡུལ་དངོས་ནས་རོལ་མྱོང་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ་མཚོ་སྔོན་ཐོན་རྫས་ཀྱི་ཐུན་མོང་མ་ཡིན་པའི་འགུག་ཤུགས་གཅིག་བསྡུས་སྒོས་མངོན་པར་བྱེད་རྒྱུ་རེད།

འགྲེམ་སྟོན་སྐབས་སུ།   མཚོ་སྔོན་གྱིས་ད་རུང་དྲ་ཐོག་དང་ཡུལ་དངོས་ནས་ཐོན་རྫས་དྲིལ་སྒྲོག་བཟང་བོ་བྱེད་རྒྱུ་རེད།  ཁང་ཕུའུ་སོགས་ཁེ་ལས་ལྔ་ཡིས་དྲ་ཐོག་ནས་ཆེད་དོན་ཐད་གཏོང་བྱས་ཏེ་མཚོ་སྔོན་གྱི་སྤུས་ལེགས་ཐོན་རྫས་ཀྱི་ཁྱབ་གདལ་གཏོང་རྒྱུ་རེད།   འགྲེམ་སྟོན་ཁང་གི་ཡུལ་དངོས་སུ་བརྙན་ཡོལ་ཆེན་པོ་དང་།    པར་རིས་དང་ཡི་གེའི་འགྲེམ་སྟོན་པང་ལེབ་བརྒྱུད་དེ་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན། དེ་བཞིན་ལྗང་མདོག་རྩིས་ནུས་འཕེལ་རྒྱས་གྲུབ་འབྲས་བཅས་མངོན་པར་བྱེད་རྒྱུ་ཡིན་པ་མ་ཟད།   མཐོ་སྒང་གི་ཐོན་རྫས་རྩ་ཆེན་དང་མཚོ་སྔོན་གྱི་ཁྱིམ་ཚང་གི་གསོལ་སྟོན་སོགས་དྲིལ་སྒྲོག་རྒྱུ་ཆ་སྟེར་རྒྱུ་ཡིན་ལ།   ཧུར་ཐག་གིས་སྨྱན་སྦྱོར་གྱི་བཅར་འདྲིའི་ཁྲོད་ཞུགས་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།