མཐོ་སྒང་ཡུལ་ལ་དཔྱིད་ཀྱི་དཔལ་ཡོན་ཤར། སྐྱེ་དངོས་ཀུན་ལ་ཡང་བསྐྱར་གསོན་ཤུགས་རྒྱས། ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་སྐབས་སྐྱེ་ཁམས་ལེགས་པོ་མི་ཚང་མས་མཉམ་སྤྱོད་ཐུབ་པ་བྱེད་དགོས་པར་མ་ཟད་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་མཉམ་བསྐྲུན་བྱེད་དགོས། སྤྱི་ཚོགས་ཡོངས་རྒྱ་ཁྱབ་ཏུ་སྡོང་འཛུགས་ནགས་སྐྲུན་ལ་ཞུགས་པར་རྩ་འཛུགས་དང་སྐུལ་སློང་བྱས་ཏེ། རི་ཀླུང་གང་སར་མཛེས་སྡུག་གི་རྣམ་པ་བསྣན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་སྔར་ལས་མཛེས་སྡུག་ལྡན་པར་བསྒྱུར་དགོས། ཞེས་ནན་གྱིས་བསྟན་ཡོད། ཟླ4པའི་ཚེས3ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི2026ལོའི་རྒྱལ་ཁོངས་ལྗང་སྒྱུར་དང་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱེད་སྒོ་མར་ཁང་གཞུང་ལམ་འགྲམ་རྒྱུད་ཀྱི་བདེ་སྐྱིད་ཁུག་པར་སྤེལ།
ཐེངས་འདིའི་སྡོང་འཛུགས་བྱེད་སྒོར་གཅན་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་སྡེ་ཁག་སོ་སོ་དང་། ཞང་དང་གྲོང་རྡལ་སོ་སོ། དབྱི་སི་ལན་ཆོས་ལུགས་ལས་རིགས་ཀྱི་མི་སྣ། རྫོང་སློབ་གསོ་ཅུས་ཀྱིས་རྩ་འཛུགས་བྱས་པའི་སློབ་མ། རྫོང་མེ་གསོད་རུ་ཆེན་གྱི་རུ་མི། རྫོང་སྤྱི་བདེ་ཅུས་ཀྱི་མི་སྣ། རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱི་ནགས་སྲུང་པ་སོགས་ཁྱོན་མི་ལྔ་བརྒྱ་ལྷག་ཞུགས་ཡོད་ལ། ཁོ་ཚོས་ལག་ཏུ་ལྕགས་ཁེམ་དང་འཇོར་བཟུང་ནས་ས་བརྐོ་བ་དང་སྡོང་སྐྱོར་རྒྱག་པ། ཆུ་འདྲེན་པ་བཅས་བྱས་ཏེ་སོ་སོར་བགོས་པའི་ས་ཁུལ་དུ་སྡོང་འཛུགས་ཀྱི་ལས་ལ་ཧུར་ཐག་གིས་ཞུགས་བཞིན་ཕ་ཡུལ་ལྗང་མདོག་ཅན་དུ་བསྒྱུར་བར་སྟོབས་ཤུགས་འདོན་བཞིན་འདུག
“བྱང་གསུམ”བཟོ་འགོད་སྤེལ་མགོ་ཚུགས་པ་ནས་བཟུང་། གཅན་ཚ་རྫོང་གིས“ས་ཁོད་སྙོམས་སར་ལྗང་མདོག་བར་ཁྱམས་བསྐྲུན་པ་དང་། རི་བོའི་ལྡེབས་སུ་སྡོང་ཕྲུག་བཙུགས་ནས་ས་ཆུ་སྲུང་འཛིན་བྱེད་པའི”སྐྱེ་ཁམས་བཅོས་སྐྱོང་རིག་ལམ་ལྟར། རིམ་རྩིས་བྱས་ན་མི་ཐབས་ལ་བརྟེན་ནས་སྡོང་འཛུགས་ནགས་སྐྲུན་བྱས་ཚད་ས་མུའུ་ཁྲི29ལྷག་དང་། རི་རྒྱ་བསྡམས་ནས་སྡོང་ཕྲུག་བཙུགས་ཚད་ས་མུའུ་ཁྲི64ལྷག་ལེགས་འགྲུབ་བྱས། གཅན་ཚ་རྫོང་གི་ལྷོ་རིའི་ནགས་རའི་ས་མུའུ་ཁྲི3གྱི་ཐང་རྒོད་དེ་སྒྲོན་ཤིང་དང་། མངར་ཁམ་སྡོང་པོ། ལི་ཤི་བཅས་གཙོ་བྱས་པའི་ལྗང་མདོག་སྲུང་ཡོལ་དུ་བསྒྱུར་པ་དང་། རྨ་ཆུའི་འགྲམ་རྒྱུད་ཀྱི་ནགས་བཟོའི་ཁུལ་གྱི་གད་སྙིགས་གཙང་སེལ་དང་། མར་ཁང་གཞུང་ལམ་འགྲམ་གྱི་སྡོང་རར་ཆུ་དྲངས་པ་དང་། ཆུ་སྡེབ་སྦུག་དྲར་སྲུང་སྐྱོང་བཅས་ཀྱི་བྱ་བ་རྒྱུན་རྣམ་ངང་སྤེལ། 2022ལོར་ལྷོ་རིའི་ནགས་ར་མ་དངུལ་སྒོར་དུང་ཕྱུར2.35བཏང་བའི་རྨ་ཆུ་འབབ་རྒྱུད་ཀྱི་གཅན་ཚ་ནས་ཐུན་རིན་བར་གྱི་སྐྱེ་ཁམས་སླར་གསོའི་ལས་གཞི་ལག་བསྟར་ནང་ཞུགས་ཏེ། རྨ་ཆུའི་འགྲམ་རྒྱུད་ཀྱི་སྐྱེ་ཁམས་འགོག་རགས་སྔར་བས་ཇེ་བརྟན་དུ་བཏང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ན་གཞོན་ལོ་ཆུང་རྣམས་སྡོང་ཕྲུག་དང་འདྲ་བར་གསོན་ཤུགས་དང་རེ་བས་ཁེངས་ཡོད་ལ། ཆུང་དུས་ནས་ཕུགས་འདུན་ཆེན་པོ་བཅངས་ཏེ། ཤེས་བྱ་དང་ངལ་རྩོལ། རང་བྱུང་ཁམས་བཅས་ལ་དགའ་དགོས་ཤིང་། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་བཏང་སྟེ། གདུང་འདེགས་ཀྱི་ཀ་བ་ལྟ་བུའི་མི་སྣར་འགྱུར་བར་འབད་པ་བྱེད་དགོས། ཞེས་པའི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས། གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པ་སོགས་ནས་ཐོན་པའི་སློབ་མ་རྣམས་ཀྱིས་ལུས་ལ་སློབ་ལྭ་གྱོན་ཞིང་གདོང་ལ་འཛུམ་གྱིས་ཁེངས་བཞིན་སྡོང་ཕྲུག་འཛུགས་པར་དགའ་བས་འཇུག་བཞིན་པ་ནི། ཁོ་ཚོ་རང་གི་ཕ་ཡུལ་ལ་དགའ་བ་དང་རང་བྱུང་ཁམས་ལ་དགའ་བ། ངལ་རྩོལ་ལ་དགའ་བའི་མཛེས་རིས་ཤིག་ཏུ་གྱུར་ཡོད།
ལོ་ཇུས་ལེགས་ཉེས་དཔྱིད་ལ་རག་ལས་ཞེས་པ་ལྟར། དཔྱིད་དུས་ནི་སྡོང་འཛུགས་ནགས་སྐྲུན་གྱི་དུས་སྐབས་བཟང་པོ་ཡིན་པས། གཅན་ཚ་རྫོང་གིས་སྡོང་འཛུགས་ནགས་སྐྲུན་གྱི་བྱ་བར་མཐོང་ཆེན་བྱས་ཏེ་གཅན་ཚའི་ཡུལ་གྲུ་ཐམས་ཅད་ལྗང་མདོག་ཏུ་བསྒྱུར་བར་བརྩོན་བཞིན་པ་དེ་ནི། དྭངས་གཙང་རྨ་ཆུའི་ཡུལ་སྐོར་རྒྱུད་ལ་ལྗང་མདོག་གི་བཀྲག་མདངས་བསྣན་པ་ཡིན་ལ། རི་ལྗང་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དེ་མི་རེ་རེའི་སེམས་གཏིང་དུ་ཟུག་ཡོད་པའི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་ཡིན་ཞིང་། མང་ཚོགས་ཉེ་འགྲམ་གྱི་ལྗང་ཁུལ་མང་དུ་བཏང་ནས། དམངས་ཡོངས་ཀྱི་ལྗང་མདོག་ཐོབ་སྣང་ཆེ་རུ་བཏང་བ་ཞིག་ཀྱང་རེད། །