ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་དྲན་སྐུལ་དང་བསླབ་བྱ་ཡི་གེ་སྤེལ་ནས་ཞིང་ཆེན་ཡོངས་ཀྱི་བཙགས་སྣུམ་གྱི་ཁྲོམ་རའི་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་བཏང་བ། 

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞིང་ཆེན་ཡོངས་ཀྱི་བཙགས་སྣུམ་གྱི་ཁྲོམ་རའི་སྒྲིག་ལམ་བརྟན་པོ་ཡོང་བ་དང་། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱ་ཆེད། ཟླ་3ཚེས་25ཉིན་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་དྲན་སྐུལ་དང་བསླབ་བྱ་ཡི་གེ་སྤེལ་ནས་ཞིང་ཆེན་དེ་ཡོངས་ཀྱི་བཙགས་སྣུམ་གྱི་གཉེར་སྐྱོང་ཁེ་ལས་ལ་ཚད་ལྡན་གྱི་བླང་བྱ་བཏོན་པ་དང་། རིན་གོང་དང་། སྤུས་ཚད། ཚད་འཇལ། གཉེར་སྐྱོང་བཅས་ཕྱོགས་བཞིའི་དམར་ཐིག་ཁ་གསལ་བཟོས་པ། རིམ་ཁག་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་སྐོར་ཞིབ་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་དྲན་སྐུལ་བསླབ་བྱ་གཙོ་བོར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོན་རྫས་སྤུས་ཚད་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚད་འཇལ་བཅའ་ཁྲིམས》《རིན་གོང་གསལ་པོར་འགོད་པ་དང་རིན་གོང་ཁ་བསླུས་གཏན་འགོག་གི་གཏན་འབེབས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་རབ་དང་རིམ་པ་གཞིར་བཟུང་མིག་སྔའི་བཙགས་སྣུམ་གྱི་ཁྲོམ་རའི་འཁོར་སྐྱོད་དོན་དངོས་དང་ཟུང་འབྲེལ་གྱིས་གཉེར་སྐྱོང་ལྷུ་ཚིགས་ཁྲོད་ཀྱི་འགག་རྩའི་མཚམས་ཚིགས་ལ་དམིགས་ཏེ། ཞིང་ཆེན་ཡོངས་ཀྱི་བཙགས་སྣུམ་གྱི་གཉེར་སྐྱོང་ཁེ་ལས་ལ་བླང་བྱ་ཁ་གསལ་བཏོན་ནས་ཁེ་ལས་ཀྱིས་ཁྲིམས་ལྟར་ཁ་དན་ཚིག་གནས་ཀྱིས་གཉེར་སྐྱོང་བྱེད་པར་ཁྲིད་སྟོན་བྱས་ཏེ་དོན་དངོས་སུ་བྱེད་པོའི་འགན་འཁྲི་ཏན་ཏིག་ཁུར་དགོས།  

བསླབ་བྱ་ཡི་གེའི་ནང་བཙགས་སྣུམ་གྱི་གཉེར་སྐྱོང་ཁེ་ལས་ཁག་གིས་ངེས་པར་དུ་རིན་གོང་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་བརྩི་སྲུང་ནན་པོ་ཞུ་དགོས་པ་དང་། བཙགས་སྣུམ་གྱི་རིན་གོང་སྐོར་གྱི་གཏན་འབེབས་འཁྲུལ་མེད་ལག་བསྟར་བྱེད་པ། རིན་གོང་ཁ་གསལ་བཀོད་པའི་འོས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། སྣུམ་གྱི་ཐོན་རྫས་ཀྱི་མིང་དང་། ཚད་གཞི། རིན་གོང་རྩིས་རྒྱག་ཚན་པ། སིལ་ཚོང་རིན་གོང་སོགས་འགག་རྩའི་ཆ་འཕྲིན་ཁ་གསལ་འགོད་པ། རིན་གོང་ཁ་གསལ་བཀོད་པའི་ཕྱི་རོལ་དུ་ཁ་གསལ་མ་བཀོད་པའི་འགྲོ་གྲོན་བསྡུ་རྒྱུ་གཏན་འགོག་བྱེད་པ། རིན་གོང་རྫུན་མའི་བྱ་ཐབས་སྤྱད་དེ་འཛད་སྤྱོད་པར་མགོ་སྐོར་བཏང་ནས་ཉོ་ཚོང་བྱེད་པ་གཏན་འགོག་བྱེད་པ། ཕན་ཚུན་ལྐོག་འབྲེལ་བྱས་ནས་ཁྲོམ་རའི་རིན་གོང་ཁ་ལོ་སྒྱུར་བ་དང་། རིན་གོང་འཕར་བའི་ཆ་འཕྲིན་རྫུན་བཟོ་དང་ཁྱབ་སྤེལ་བྱས་ནས་སྣུམ་རིན་སྤར་བ་སོགས་ཀྱི་བྱེད་སྤྱོད་བཀག་འགོག་བྱེད་དགོས།  

སྣུམ་རྫས་ཀྱི་སྤུས་ཚད་ཐད་ཁེ་ལས་ཀྱིས་ཚོང་ཟོག་ནང་འདྲེན་ཞིབ་བཤེར་རྩིས་ལེན་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་སྣུམ་གྲུབ་མ་ཉོ་སྒྲུབ་ཀྱི་འབྱུང་ཁུངས་ཚོད་འཛིན་ནན་པོ་བྱས་ཏེ་སྣུམ་རྫས་ཀྱི་འབྱུང་ཁུངས་ཁྲིམས་མཐུན་དང་སྤུས་ཚད་ཚད་ལྡན་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་བཙན་ཤེད་རང་བཞིན་གྱི་ཚད་གཞི་དང་མི་མཐུན་པ་དང་། རྫུན་མ་བསྲེས་པ། སྤུས་ཞན་སྤུས་ལེགས་སུ་བསྒྱུར་བ་བཅས་ཀྱི་སྣུམ་གྲུབ་མ་ཕྱིར་འཚོང་བྱེད་རིགས་གཏན་འགོག་བྱེད་དགོས་པ་དང་། རང་དགར་སྒྲིག་འགལ་སྦྱོར་རྟ་སྣོན་པ་དང་ཚད་གཞི་མིན་པའི་སྣུམ་རྫས་ཕྱིར་འཚོང་བྱེད་མི་ཆོག་པ།སྤུས་ཚད་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་ཏན་ཏིག་ཁུར་དགོས།

ཚད་འཇལ་དོ་དམ་ཐད་ཁེ་ལས་ཀྱིས་ངེས་པར་དུ་ཁྲིམས་གཏན་འཁེལ་བའི་ཚད་འཇལ་ཚན་པ་སྤྱད་དེ་རྒྱལ་ཁབ་ཀྱི་གཏན་འབེབས་དང་མཐུན་པའི་སྣུམ་སྣོན་འཕྲུལ་འཁོར་སོགས་ཚད་འཇལ་ཡོ་བྱད་སྒྲིག་སྦྱོར་བྱེད་དགོས་པ་མ་ཟད། སྣུམ་སྣོན་འཕྲུལ་འཁོར་ཚང་མ་ཁྲིམས་གཏན་འཁེལ་བའི་ཚད་འཇལ་ཞིབ་དཔྱད་གཏན་འཁེལ་སྒྲིག་གཞིས་ཞིབ་དཔྱད་གཏན་འཁེལ་བྱས་ནས་ཚད་ལོན་པ་དང་འབྲེལ་གོ་ཆོད་པའི་དུས་ཡུན་ནང་བེད་སྤྱོད་བྱེད་དགོས་པ་དང་། སྣུམ་སྣོན་འཕྲུལ་འཁོར་རང་དགར་བཟོ་བཅོས་དང་བཤིག་སྒྲིག་བྱེད་པའམ་ཡང་ན་ཚད་འཇལ་ཡོ་བྱད་ཀྱི་གནད་འཁེལ་ཚད་ལ་གཏོར་བཤིག་གཏོང་བ་གཏན་འགོག་བྱས་ཏེ་ཉོ་ཚོང་རེ་རེའི་བསྡོམས་རྩིས་གནད་ལ་འཁེལ་བར་འགན་སྲུང་དང་། ཉོ་ཚོང་དྲང་ལྡན་ཡོང་བར་བྱེད་དགོས། 

དེ་དང་ཆབས་ཅིག་ཁེ་ལས་ཀྱིས་རང་རྟོགས་ངང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་། ནང་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ། འཕྲལ་མར་བླང་བྱ་དང་ཞིབ་བསྡུར་བྱས་ནས་རང་བཤེར་རང་བཅོས་བྱེད་པ་དང་། གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཁ་དན་ཚིག་གནས་ཀྱི་གཉེར་སྐྱོང་འདུ་ཤེས་འཛིན་པ། འཛད་སྤྱོད་པའི་ཞུ་གཏུག་ཐག་གཅོད་འོས་འཚམ་བྱེད་པ།

བསླབ་བྱ་ཡི་གེ་ཁྱབ་སྒྲོག་བྱས་པའི་ཉིན་ནས་བཟུང་ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཁྲོམ་རའི་སྐོར་ཞིབ་དང་ཁྲིམས་འཛིན་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་དྲན་སྐུལ་དང་བསླབ་བྱ་གནང་རུང་སྔར་བཞིན་བཅོས་སྒྲིག་མ་བྱས་པའི་ཁྲིམས་འགལ་ཁེ་ལས་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་དང་ཉེས་ཚབས་ཆེ་བའི་དཔེ་མཚོན་གྱོད་གཞི་ཡོངས་སྒྲོག་ངང་དམར་འདོན་བྱ་རྒྱུ་ཡིན་པ་རེད། རྒྱ་ཆེའི་འཛད་སྤྱོད་པས་འབྲེལ་ཡོད་ཁྲིམས་འགལ་བྱེད་སྤྱོད་ཤེས་རྟོགས་བྱུང་ཚེ་ཐད་སྦྲེལ་ཁ་པར12315ལ་ཁ་པར་བཏང་ནས་ཞུ་གཏུག་ཐེར་འདོན་བྱས་ཏེ་བཙགས་སྣུམ་གྱི་ཁྲོམ་རའི་སྒྲིག་ལམ་བཟང་པོ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་ཆོག

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།