ཟླ3པའི་ཚེས16ཉིན་ནས་ཚེས17ཉིན་བར། རང་ཞིང་གི་ས་ཁུལ་མང་ཆེ་བར་ཁངས་འབབ་པ་དང་དྲོད་ཚད་མར་ཆག་པ། རླུང་གཡུག་པ་བཅས་ཀྱི་གནམ་གཤིས་བྱུང་བ་རེད། མཚོ་སྔོན་ཞིང་ཆེན་གནོད་འགོག་གནོད་སེལ་གནོད་སྐྱོབ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་བྱས་པ་དང་། ལངས་གནས་མཐོན་པོས་གཅིག་གྱུར་འཆར་འགོད་དང་མུ་ཕྲེང་ཡོངས་ནས་ཤུགས་འདོན་པ། ཚད་གཞི་ནན་མོས་དོན་འཁྱོལ་བྱེད་པ་བཅས་ལ་བརྟེན་ནས་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་དང་། གྲོང་ཁྱེར་དང་ཁུལ་རིམ་པས་བཀོད་སྒྲིག་བྱེད་པ། རྫོང་རིམ་པས་དོན་འཁྱོལ་བྱེད་པ་བཅས་ཀྱི་རིམ་པ་གསུམ་མཉམ་འགུལ་གྱི་འགོག་སྲུང་རྣམ་པ་བསྐྲུན་ཏེ་ཁངས་འབབ་པ་དང་དྲོད་ཚད་མར་ཆག་པའི་གནམ་གཤིས་ལ་ཁ་གཏད་འཇལ་བ་དང་། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ་གནས་བབ་རྒྱུན་མཐུད་ངང་བརྟན་འཇགས་བྱུང་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་གཏན་འཇགས་ལ་སྲུང་སྐྱོབ་བྱས།
ཐེངས་འདིའི་གནམ་གཤིས་ངན་པའི་ཁྱབ་རྒྱ་ཆེ་བ་དང་དྲོད་ཚད་མར་ཆག་ཚད་ཆེ་བ། རླུང་ཤུགས་དྲག་པ་དང་། དེ་འབྲེལ་གྱི་གནོད་འཚེ་འབྱུང་སླ་བའི་ཁྱད་ཆོས་ལ་དམིགས་ནས་ཞིང་ཆེན་རིམ་པ་ནས་དུས་ཐོག་ཏུ་གནམ་གཤིས་སྔོན་བརྡའི་ཆ་འཕྲིན་སྦྲེལ་མཐུད་བྱས་པ་དང་། ཉེན་ཁའི་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་ནན་མོ་བྱས་པར་མ་ཟད། མགྱོགས་མྱུར་སྒོས་བྱ་བར་བཀོད་སྒྲིག་དང་འགོག་སྲུང་གཙོ་གནད་གཏན་འཁེལ་གསལ་བོ་བྱས་ཏེ་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་ཇེ་དྲག་ཏུ་བཏང་། འཕྲལ་བསྟུན་དང་གནམ་གཤིས། འགྲིམ་འགྲུལ། སྤྱི་བདེ་སོགས་སྡེ་ཁག་མང་པོས་སྟོབས་ཤུགས་གཅིག་འདོམས་བྱས་པ་དང་། མཉམ་འབྲེལ་གྲོས་མོལ་དང་ཆ་འཕྲིན་མཉམ་སྤྱོད། མཐུན་སྦྱོར་ཐག་གཅོད་བཅས་ཀྱི་རྐྱེན་སྲོལ་བཙུགས་པར་མ་ཟད། དུས་ཐོག་ཏུ་གནམ་གཤིས་ཀྱི་འགྱུར་ལྡོག་ལ་རྗེས་འདེད་དང་མངོན་མེད་རྐྱེན་ངན་ལ་འགུལ་རྣམ་ཞིབ་བཤེར་བྱས་ཏེ་ཞིང་ཆེན་ཡོངས་ཀྱིས་གནམ་གཤིས་ངན་པ་འགོག་སྲུང་དང་ཁ་གཏད་འཇལ་ཆེད་ཁ་ཕྱོགས་གསལ་སྟོན་དང་བྱེད་ཐབས་གཏན་འཁེལ། དོན་འཁྱོལ་ལ་ལྟ་སྐུལ་བཅས་བྱས་ནས་འགོག་སྲུང་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་པར་སྐུལ་འདེད་བཏང་།
གྲོང་ཁྱེར་དང་ཁུལ་སོ་སོས་གོང་རིམ་གྱི་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་པ་དང་། ཁོངས་གཏོགས་ས་ཁུལ་ཀྱི་གནས་ཚུལ་དངོས་དང་བསྟུན་ནས་ཆེད་དམིགས་ཁ་གཏད་འཇལ་ཐབས་ཇེ་ཞིབ་ཏུ་བཏང་སྟེ་རིམ་པ་རེ་རེ་བཞིན་འགན་འཁྲིའི་མུ་ཕྲེང་ནན་དཀྲི་བྱས། ཁངས་འབབ་ཚད་ཆེ་བའི་ས་ཁུལ་གྱིས་ཁངས་ཕྱགས་པ་དང་འགྲིམ་འགྲུལ་གེགས་མེད་ཡོང་བ། མང་ཚོགས་ཀྱི་དྲོད་འདོན་འགན་སྲུང་སོགས་ལས་འགན་ལ་དམིགས་ནས་བྱེད་ཐབས་ལག་བསྟར་ནན་མོ་བྱས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་སོགས་ས་ཁུལ་གྱིས་འཕྲལ་བསྟུན་དངོས་རྫས་སྔོན་ལ་གྲ་སྒྲིག་བྱེད་པ་དང་འགོག་སྲུང་སྟོབས་ཤུགས་སྔོན་ལ་བཀོད་སྒྲིག་བྱས་ནས་ཁུལ་ཁོངས་ཡོངས་སུ་མཉམ་འཛིན་སྤྱི་འདོམས་ཀྱི་མཉམ་ཤུགས་གྲུབ་པར་བྱས།
རྫོང་དང་གྲོང་ཁྱེར། ཆུས་སོ་སོས་ཁོངས་གཏོགས་ས་ཁུལ་གྱི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ་དྲ་མིག་ཅན་གྱི་དོ་དམ་ལ་བརྟེན་ནས་འགོག་སྲུང་ཕྱོགས་ཡོངས་ལ་ཁེབས་པར་བྱས། ཁངས་གསོག་ཚད་མང་པའི་ཉེན་ཁ་ཡོད་པའི་ལམ་མཚམས་ལ་དམིགས་ནས་མགྱོགས་མྱུར་སྒོས་ཁངས་ཕྱགས་པ་དང་སྐོར་ཞིབ་བྱེད་པ། ཉེན་བརྡའི་བརྡ་རྟགས་ཁ་སྣོན་བྱེད་པ་སོགས་བྱེད་ཐབས་ལག་བསྟར་བྱས་ནས་འགྲིམ་འགྲུལ་བདེ་འཇགས་ལ་འགན་སྲུང་བྱས། ནུས་ཁུངས་མཁོ་འདོན་ལ་དམིགས་ནས་དྲོད་འདོན་དང་གློག་འདོན། རླངས་འདོན་སྒྲིག་ཆས་ལ་རྒྱུན་རྣམ་ཅན་གྱིས་སྐོར་ཞིབ་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་སྡེ་ཁུལ་རྙིང་བ་དང་ཐག་རིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་དགོས་མཁོར་འགན་སྲུང་བྱས། ཞིང་ཁ་རུ་ཟབ་ཞུགས་བྱས་ཏེ་ཞིང་ལས་ལག་རྩལ་ཐད་ཀྱི་མཛུབ་སྟོན་སྤེལ་ནས་ཞིང་ཕྱུགས་ལས་རིགས་ཀྱི་ཐོན་སྐྱེད་ཐད་ཀྱི་གྱོང་གུད་ཇེ་དམར་བཏང་བ་དང་། ས་གཤིས་གནོད་འཚེ་འབྱུང་སླ་བའི་ས་ཁུལ་གྱི་སྐོར་ཞིབ་དང་ལྟ་ཞིབ་དོ་དམ་ལ་ཤུགས་བསྣན་ནས་ཕྱོགས་ཡོངས་ནས་ལྟ་ཞིབ་ཚད་ལེན་དང་ཕྱོགས་ཡོངས་ནས་འགོག་སྲུང་བྱེད་པའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས། དེ་དང་མཉམ་དུ། དུས་ཚོད་ཉེར་བཞིའི་ལས་རེས་ལས་སྲུང་ལམ་ལུགས་ལག་བསྟར་ནན་མོ་བྱས་པ་དང་མང་ཚོགས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ཉེན་ཁར་ཁ་གཏད་འཇལ་བར་ཁྲིད་སྟོན་བྱས།