བསྟུད་མར་ཉིན་ཤས་རིང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས“ཅན་བཅུའི”ཏང་འཛུགས་ལས་དོན་གྱི་བླང་བྱ་དང་ཟུང་འབྲེལ་གྱིས་ལས་བྱེད་པ་སྟོང་ལྷག་གྲོང་གསེབ་ཏུ་སྐྱོད་པའི་བྱེད་སྒོ་ཁྱོན་ཡོངས་ནས་སྤེལ། ཟླ3པའི་ཚེས18ཉིན་བར་ཁྱོན་བསྡོམས་སྒྲོག་བཤད་ལས་བྱེད་པ1390མངགས་ནས་སྡེ་བ(གཞིས་ཁུལ)482ལ་བསྐྱོད་དེ་དཔྱིད་རྨོ་གྲ་སྒྲིག་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་ཆེད་རྩ་འཛུགས་ཀྱི་རྨང་གཞི་བརྟན་པོ་བཏང་།
ཐེངས་འདིའི་གྲོང་གསེབ་ཏུ་སྐྱོད་པའི་བྱེད་སྒོའི་ནང་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་སློབ་སྦྱོང་དང་དྲིལ་སྒྲོག་བྱ་རྒྱུ་དེ་དཔྱིད་རྨོའི་ཐོན་སྐྱེད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་ཆེད་ལས་སྒྲོག་བཤད་དཔུང་ཁག་སྒྲིག་འཛུགས་བྱས་ཏེ་གྲོང་གསེབ་དང་འབྲོག་ཁུལ་དང་ཞིང་ཁར་གཏིང་ཟབ་ཏུ་བསྐྱོད་དེ། འབྲུ་རིགས་འདེབས་འཛུགས་ཁ་གསབ་དང་རྨོ་ཞིང་སྲུང་སྐྱོབ་སོགས་ལྟེ་བའི་ཞིང་ཕན་སྲིད་ཇུས་གནད་ལ་འཁེལ་བའི་སྒོ་ནས་སྒྲོག་བཤད་བྱ་རྒྱུ་རེད། སྡེ་བ་རེར་གྲོང་གསེབ་ཏུ་བསྐྱོད་པའི་ལས་བྱེད་པ2ནས3བཀོད་སྒྲིག་བྱས་ནས་ཕྱུག་ལས་སྡེ་བ་རེར་ཉུང་མཐར་ཡང་བོད་སྐད་ཤེས་པའི་ལས་བྱེད་པ1ཡོད་པར་བྱས་ནས་སྲིད་ཇུས་སྒྲོག་བཤད་བྱེད་པར་ཆད་ལུས་མེད་པ་དང་ཁྱོན་ཡོངས་ལ་ཁྱབ་པར་འགན་ལེན་བྱས། མིག་སྔའི་བར་རིམ་རྩིས་གྱིས་སྒྲོག་བཤད་བྱེད་སྒོ་ཐེངས128སྤེལ་བ་དང་མང་ཚོགས་མི་ཐེངས48000ལ་ཁྱབ་པ་དང་། དམངས་འཚོའི་གནད་དོན29དུས་མཉམ་དུ་ཐག་གཅོད་བྱས་པ་དང་། ཞིང་ཕན་གྱི་རྣམ་གྲངས23དོན་འཁྱོལ་བྱས།
འབྲུ་རིགས་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་ཆེད། མཚོ་ལྷོ་ཁུལ་གྱིས་ལོ་འདིའི་ནང་འབྲུ་རིགས་དང་སྣུམ་ཚལ་སྤྱི་ཆིང་ཁྲི8འདེབས་འཛུགས་ཀྱི་དམིགས་འབེན་ལ་དམིགས་ཏེ། ཆེད་མཁས་མཛུབ་སྟོན་ཚན་ཆུང་གཞི་རིམ་ཡུལ་དངོས་སུ་བསྐྱོད་པ་སྒྲིག་འཛུགས་བྱས་ནས་ས་གནས་ཁག་གི་དངོས་ཡོད་དང་ཟུང་འབྲེལ་གྱིས་ཁུལ་དབྱེ་རིགས་དབྱེ་ལག་རྩལ་ཞབས་ཞུ་བསྒྲུབས་ཏེ། སྤུས་ལེགས་ཀྱི་སོན་རིགས་དང་ལྗང་མདོག་ལག་རྩལ་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་དེ་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ཡོད། མིག་སྔར་གུང་ཧོ་རྫོང་དང་ཁྲི་ཀ་རྫོང་གཉིས་ཀྱིས་སྔོན་ལ་སོན་འདེབས་ལས་ཀ་སྒྲུབ་འགོ་ཚུགས་པ་དང་རིམ་རྩིས་ཀྱིས་སྤྱི་ཆིང་བཞི་སྟོང་ཆིག་བརྒྱ་ང་གསུམ་གྲངས་ཆུང་གསུམ་བཏབ་ཡོད། དེ་དང་ཆབས་ཅིག་རྒྱུན་མཐུད་ཀྱིས་ཞིང་ལས་རྒྱུ་ཆ་འགན་སྲུང་དང་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ་མིག་སྔར་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་ཏུན་ཆིག་ཁྲི་ཆིག་བརྒྱ་དང་དོན་བཞི་དང་། རྫས་ལུད་ཏུན་ལྔ་སྟོང་ཉིས་བརྒྱ་དོན་བཞི་གྲངས་ཆུང་གསུམ་བཞི། ཚོང་ཟོག་སྐྱེ་ལྡན་ལུད་རྫས་ཏུན་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་ཉི་ཤུ། ཞིང་ཁྱིམ་ལུད་རྫས་ཏུན1500བཅས་གསོག་འཇོག་བྱས་ནས་དཔྱིད་རྨོའི་ཐོན་སྐྱེད་ཀྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་བསྐངས། ཞིང་ཕྱུགས་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ། ཕྱོགས་བསྡུས་ཁྲིམས་བསྟར་སོགས་སྡེ་ཁག་རྩ་འཛུགས་བྱས་ནས་མཉམ་འབྲེལ་ཐོག་ཞིང་ལས་རྒྱུ་ཆ་རྫུན་མར་ཆེད་དམིགས་རྡུང་རྡེག་བྱ་སྤྱོད་སྤེལ་ཏེ། རྫུན་ལྷད་ཞན་གསུམ་དང་དངོས་གོང་ཧམ་སྤར་སོགས་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་ཏན་ཏིག་བྱས། ཞང་དང་གྲོང་རྡལ་ཁག་དང་། འདེབས་འཛུགས་ཁྱིམ་ཆེན་དང་དེ་བཞིན་ཞིང་ལས་དང་འབྲེལ་བ་ཡོད་པའི་ཁེ་ལས་བཅས་དུས་མཉམ་དུ་སྐུལ་སློང་བྱས་ཏེ་རིམ་རྩིས་ཀྱིས་ཞིང་ལས་འཕྲུལ་ཆས1637ལ་ཞིབ་བཤེར་བཟོ་བཅོས་བྱས་ནས། ཞིང་ལས་འཕྲུལ་ཆས་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུའི་ནུས་པ་རྒྱུན་མཐུད་ཀྱིས་ཆེ་རུ་བཏང་ཡོད།
མཚོ་ལྷོ་ཁུལ་གྱིས་ད་དུང་ཞིང་ཕན་སྲིད་ཇུས་ཁག་དོན་འཁྱོལ་ཏན་ཏིག་བྱས་ཏེ་ཞིང་ལས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་རྒྱུན་མཐུད་སྐུལ་སློང་བྱས། མིག་སྔར་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་སྒོར་དུང་ཕྱུར་དྲུག་བྱེ་བ་བདུན་ས་ཡ་དྲུག་བཀོད་སྒྲིག་བྱས་པ་དང་། ཞིང་ཁའི་ས་ནུས་སྲུང་སྐྱོབ་དང་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བ་སོགས་ཀྱི་རྣམ་གྲངས་གཙོ་གནད་ལག་བསྟར་བྱས། ཁ་གསབ་སྤྲོད་པའི་བརྒྱུད་རིམ་ཇེ་ལེགས་སུ་བཏང་བ་དང་། “བྱང་གཅིག་ཀུན་འཐུས”ཀྱི་ཐད་ཀར་ཁ་གསབ་ལམ་སྲོལ་ལག་ལེན་བྱས་ཏེ། དམངས་ཕན་མ་དངུལ་མགྱོགས་པ་དང་། འབྲུ་རིགས་འདེབས་འཛུགས་བྱེད་པོར་གནད་འཁེལ་ངང་དངུལ་སྤྲོད་འགན་ལེན་བྱས། དེ་དང་ཆབས་ཅིག་ཁྱིམ་ཚང་གི་ཞིང་ར་དང་མཉམ་ལས་ཁང་སོགས་གཉེར་སྐྱོང་བྱེད་པོར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཡིད་རྟོན་དངུལ་བུན་གྱི་ཁག་ཐེག་དང་ཞིང་ལས་ཀྱི་འགན་བཅོལ་སོགས་ཞིང་ཕན་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ཞིང་ལས་ཐོན་སྐྱེད་ཀྱི་ཉེན་ཁ་ནུས་ལྡན་ངང་ཆུང་དུ་བཏང་བ་དང་རོང་འབྲོག་པའི་འབྲུ་རིགས་འདེབས་པའི་ཧུར་བརྩོན་རང་བཞིན་སྔར་བས་ཆེ་རུ་བསྐྱེད་ནས་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྩལ་ཡོད།