ཟླ2པའི་ཚེས20ཉིན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ལས་ཞུགས་ཞབས་ཞུ་ཅུས་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ལུགས་རྙིང་ལོ་སར་རྗེས་སུ། མཚོ་ནུབ་ཁུལ་གྱིས་དཔྱིད་རླུང་འགུལ་སྐྱོད་དང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་མཉམ་འབྲེལ་གྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་གདན་ཞུ་བྱ་བའི་དཔྱིད་དུས་ཀྱི་ཆེད་དོན་བྱེད་སྒོ། ཚྭ་འདམ་གཞོང་གི་འཕང་འབྲས་ཏོག་ལེན་གྱི་རྩོལ་གཉེར་སྦྲེལ་མཐུད་བྱ་བའི་གྲོས་མོལ་བྱེད་སྒོ་སོགས་སྤྱི་བའི་ལས་ཞུགས་ཞབས་ཞུའི་ཆེད་དོན་བྱ་འགུལ་སྣ་བཅུ་ལྷག་སྤེལ་ནས། ཐབས་མང་མཉམ་སྤྱོད་སྒོས་དམངས་འཚོར་འགན་སྲུང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།
གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་དང་དབང་བོ་སྐྱོན་ཅན། མཐོ་རིམ་མཐར་ཕྱིན་སློབ་མ། དབུལ་ཐར་མི་འབོར། གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་དང་ཡུལ་གཞན་དབུལ་ཐར་གནས་སྤོར་བཀོད་སྒྲིག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སོགས་ཚོགས་ཁག་གཙོ་བོ་དག་ཐེངས་འདིའི་བྱ་འགུལ་གྱི་ཁ་ཕྱོགས་ས་ཡིན་ལ། ཟླ་རེར་བྱ་འགུལ་ཡོད་པ་དང་ཞབས་ཞུ་ལ་རྒྱུན་ཆད་མེད་པ་མངོན་འགྱུར་བྱ་རྒྱུ་རེད།
ཟླ2པ་ནས་ཟླ3པའི་བར། དཔྱིད་རླུང་འགུལ་སྐྱོད་ཀྱི་ཆེད་དོན་གདན་ཞུ་ཚོགས་འདུ་བསྡུས་ཏེ། ངལ་རྩོལ་པ་གོ་རིམ་ཡོད་པར་ཕྱི་རུ་ལས་ཞུགས་བྱེད་པ་དང་། ཐག་ཉེ་ནས་ལས་ཞུགས་བྱེད་པ། ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་སྣེ་ཁྲིད་བྱེད་རྒྱུ་རེད། ཟླ4པ་ནས་ཟླ5པའི་བར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་མཉམ་འབྲེལ་གྱིས་མཐོ་རིམ་མཐར་ཕྱིན་སློབ་མ་གདན་ཞུ་བྱ་བའི་དཔྱིད་དུས་ཀྱི་ཆེད་དོན་བྱེད་སྒོ་སྤེལ་ནས། མཐོ་རིམ་མཐར་ཕྱིན་སློབ་མ་དང་མི་བཀོལ་ལས་ཁུངས་བར་གནད་འཁེལ་སྦྲེལ་མཐུད་ཀྱི་སྟེགས་བུ་བསྐྲུན་རྒྱུ་རེད། ཟླ6པ་ནས་ཟླ8པའི་བར། ཉིན་བརྒྱའི་ནང་ལས་གནས་བྱེ་བ་གཅིག་སྤྲོད་པའི་ཆེད་དོན་འགུལ་སྐྱོད་སྤེལ་ཏེ། ཉིན་བརྒྱའི་ནང་ལས་གནས་བྱེ་བ་གཅིག་ལས་བརྒལ་བ་ཁྱབ་བསྒྲགས་བྱེད་རྒྱུ། ཟླ7པར་ཚྭ་འདམ་གཞོང་གི་འཕང་འབྲས་ཏོག་ལེན་གྱི་རྩོལ་གཉེར་སྦྲེལ་མཐུད་བྱ་བའི་གྲོས་མོལ་བྱེད་སྒོ་སྤེལ་ཏེ། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལས་ཞུགས་སུ་བསྒྱུར་ཚད་ཇེ་མཐོར་གཏོང་རྒྱུ་རེད།
ཟླ9པར། ཐད་གཏོང་གིས་ལས་གནས་སྐུལ་ཁྲིད་བྱེད་པའི་ཆེད་དོན་གདན་ཞུ་གཟའ་འཁོར་གྱི་བྱེད་སྒོ་སྤེལ་ཏེ། ཐད་གཏོང་གི་ནང་དོན་ལ་སྲིད་ཇུས་བློ་འདྲི་དང་ལས་གནས་མཚམས་སྦྱོར། ལས་རིགས་མཛུབ་སྟོན་སོགས་འདུས་ཡོད་ཅིང་། ཁྱད་ལྡན་ཐད་གཏོང་གིས་ལས་གནས་སྐུལ་ཁྲིད་ཀྱི་ཞབས་ཞུའི་ཟོང་རྟགས་བསྐྲུན་རྒྱུ་རེད། དུས་མཉམ་དུ། དམངས་གཉེར་ཁེ་ལས་ཀྱི་ཞབས་ཞུ་ཟླ་བའི་ཆེད་དོན་གདན་ཞུ་བྱེད་སྒོ་སྤེལ་ཏེ། ཐད་གསབ་མགྱོགས་སྒྲུབ་ཀྱི་འགུལ་སྐྱོད་སྤེལ་བར་བརྟེན། དམངས་གཉེར་ཁེ་ལས་ཀྱིས་ལས་ཞུགས་ཐབས་ལམ་གཙོ་བོའི་བྱེད་ནུས་འདོན་སྤེལ་བྱ་རྒྱུ་རེད། དེ་ལས་གཞན་ཀྲུང་དབྱང་གི་ཁེ་ལས་རྩ་འཛུགས་ཀྱིས་མཚོ་སྔོན་གྱི་མཐོ་རིམ་མཐར་ཕྱིན་སློབ་མར་ཁ་ཕྱོགས་པའི་ཆེད་དོན་གདན་ཞུ་བྱེད་སྒོ་སྤེལ་རྒྱུ་རེད།
མཐོ་རིམ་མཐར་ཕྱིན་སློབ་མའི་སྤུས་ཚད་མཐོ་བའི་ལས་ཞུགས་ལ་མུ་མཐུད་རོགས་འདེགས་བྱས་ཏེ། ཟླ10པར་སྟོན་དུས་ཀྱི་གདན་ཞུའི་ཟླ་དང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་མཉམ་འབྲེལ་གྱིས་མཐོ་རིམ་མཐར་ཕྱིན་སློབ་མ་གདན་ཞུ་བྱ་བའི་སྟོན་དུས་ཀྱི་ཆེད་དོན་བྱེད་སྒོ་སྤེལ་རྒྱུ་ཡིན་ལ། ཟླ11པར་རྒྱལ་ཡོངས་མི་ཤུགས་ཐོན་ཁུངས་ཁྲོམ་རའི་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུའི་ཆེད་དོན་བྱེད་སྒོ་སྤེལ་རྒྱུ། ཟླ12པར་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་རྐྱེན་སྲོལ་གཞིར་བཟུང་སྟེ། དགུན་དུས་ལས་གནས་འདོན་སྤྲོད་ཀྱིས་གྲོང་གསེབ་དར་སྤེལ་ཐད་རོགས་འདེགས་བྱེད་པའི་ཞབས་ཞུའི་བྱེད་སྒོ་སྤེལ་ཏེ། ཚོགས་ཁག་གཙོ་བོའི་བརྟན་འཇགས་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་རེད།