“གསམ་སྦྲེལ་ཐེར་གེ”ཡིས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

——2025ལོའི་མཚོ་སྔོན་ཞིང་ཆེན་གྱི་ལོ་མཇུག་གི་དཔལ་འབྱོར་ལྟ་ཞིབ་ཁག་ལྔ་པ།

མཚོ་སྔོན་པོའི་འགྲམ་དུ“འཐེན་ཐུག་དང་རྐང་འཁོར་བཞོན་པ”མཉམ་འདྲེས་ཚོང་ཁང་ཆུང་གྲས་མཉམ་འདྲེས་བྱས་ནས་ཟླ་རེར་ཡོང་འབབ་སྒོར་ཁྲི་35ལས་བརྒལ་ནས་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་རྣམ་པ་གསར་པ་ཞིག་བཏོད་ཡོད།ཟི་ལིང་གི་ཁྲོམ་གཞུང་དུ་ཐེ་སི་ལ་དང་ཞའོ་སྨི་རླངས་འཁོར་སོགས་ནུས་རྒྱུ་མཐོ་བའི་ཚོང་ཁང་དང་པོ་གཅིག་རྗེས་གཉིས་མཐུད་ངང་བཙུགས་ནས་གྲོང་ཁྱེར་གྱི་ཚོང་ལས་ཀྱི་ཚ་རླབས་གསར་པ་འཕྱུར་བ་དང་།ཐོན་ལས་གླིང་ཁུལ་དུ་ཕུའུ་ཏི་གློག་རྫས་ཀྱི་ལིས་གློག་རྫས་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་ལྡབ་3.8འཕར་ནས་ཕྱི་ཕྱོགས་ཚོང་དོན་འཕར་བའི་སྒལ་ཚིགས་གསར་པ་བཏོད་པ་སོགས་2025ལོར་མཚོ་སྔོན་གྱིས་ས་མཐོའི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆ་ལ་གཞི་ཚུགས་ཏེ་འཛད་སྤྱོད་དང་།མ་འཇོགཚོང་འགུགས་བཅས་ནུས་ཤུགས་གསུམ་མཐུན་སྦྱོར་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་སྲིད་ཇུས་གསར་གཏོད་ཀྱི་གནད་དོན་ཐག་གཅོད་དང་།རྣམ་གྲངས་འཛུགས་སྐྲུན་གྱི་རྨང་གཞི་སྐྲུན་པ།སྒོ་དབྱེའི་མཉམ་ལས་བཅས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེན་པོ་བསྣན་ཡོད།

འཛད་སྤྱོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་རྒྱ་སྐྱེད་གཏོང་བ།ནང་མཁོའི་ཁྲོམ་རའི་སྒུལ་ཤུགས་གཙོ་བོར་སྐུལ་སློང་བྱེད་པ།

“མཚོ་སྔོན་གྱི་འཐེན་ཐུག་དཀར་ཡོལ་གང་འཐུང་བ་དང་མཚོ་སྐོར་རྐང་འཁོར་བཞོན་ནས་ངལ་དུབ་ཀྱིས་ཁེངས་པ་མ་ཟད། ད་དུང་ཐང་ག་འབྲི་བའི་སྤྲོ་སྣང་ཡང་དངོས་སུ་མྱོང་རོལ་བྱེད་ཐུབ།ད་ཐེངས་མཚོ་སྔོན་པོར་ཡུལ་སྐོར་དུ་བསྐྱོད་རྒྱུ་ནི་བརྗེད་པར་དཀའ་བ་ཞིག་རེད”ཧྲའན་ཤིས་ནས་ཡོང་བའི་ཡུལ་སྐོར་བ་མཁྱེན་ལྡན་མ་ཝང་ལགས་ཀྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་མོ་རེ་གྲོང་ཚོའི“འཐེན་ཐུག་དང་རྐང་འཁོར་བཞོན་བའི”མཉམ་འདྲེས་ཚོང་ཁང་ཆུང་ཆུང་དེར་བསྔགས་བརྗོད་ཡང་ཡང་བྱས་པ་རེད།མཚོ་སྔོན་ཞིང་ཆེན་འཐེན་ཐུག་ཐོན་ལས་ལས་རིགས་མཐུན་ཚོགས་དྲིལ་བསྒྲགས་པུའི་འགན་འཁུར་བ་སྨི་ཅིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།རྣམ་པ་གསར་གཏོད་དང་ལས་རྣམ་མཉམ་འདྲེས་བྱས་པ་བརྒྱུད་ཚོང་ཁང་ཆུང་ཆུང་དེར་ཟླ་རེར་ཡོང་འབབ་སྒོར་ཁྲི་35ལས་བརྒལ་བ་དེ་ནི་མཚོ་སྔོན་གྱི་འཛད་སྤྱོད་སྤུས་ཚད་མཐོ་རུ་དང་རིམ་སྤོར་གྱི་མཚོན་ཚུལ་གསོན་ཉམས་ལྡན་པ་ཞིག་རེད།

འཛད་སྤྱོད་ནི་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པའི་“གནོན་རྡོ་”ཡིན།མཚོ་སྔོན་གྱིས་འཛད་སྤྱོད་རྒྱ་ཆེར་གཏོང་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་སྲིད་ཇུས་ཀྱི་ནུས་པ་དང་།རྣམ་པ་གསར་གཏོད།སྤུས་རྟགས་སྐྱེད་སྲིང་བཅས་དམ་འཛིན་བྱ་གཞིར་བྱས་ནས་འཛད་སྤྱོད་ཁྲོམ་རའི“དུད་རླུང”ཟབ་མོ་ལྡན་པ་མ་ཟད།དབྱར་མཚོ་རྒྱས་པ་ལྟར་གྱི“གསོན་ཤུགས་གསར་པ”དེ་བས་བསྣན་ཡོད།

སྲིད་ཇུས་ཀྱི་ཁེ་སྤོགས་གནད་སྨིན་ཐིགས་འདྲེན་བྱས་ནས་འཛད་སྤྱོད་ཁྲོམ་རའི“སེམས་ཤུགས”བསྣན་ཡོད།ཞིང་ཆེན་ཚོང་དོན་ཐིང་གིས་ཚོང་དོན་ཁྱབ་ཁོངས་ཀྱི་སྤུས་རྟགས་ནང་འདྲེན་སྐྱེད་སྲིང་དང་འཛད་སྤྱོད་འཕེལ་བའི་ཆེད་དོན་བྱ་སྤྱོད་སོགས་ཀྱི་སྲིད་ཇུས་ཡིག་ཆ་བཏོན་ནས“རྒྱབ་སྐྱོར་བྱེད་ཐབས་16+རྒྱུན་རྣམ་ཅན་གྱི་བཀོད་གཏོང་ལམ་སྲོལ”གྱི་སྲིད་ཇུས་མ་ལག་བཙུགས་པ་རེད།ཐེ་སི་ལ་དང་།མའེ་ཏང་ལའོ།ཞའོ་སྨི་རླངས་འཁོར་སོགས་ནུས་མཐོའི་རིམ་པའི་ཚོང་ཁང་དང་པོ་6དང་ཚོང་ཁང་དང་པོ་40བདེ་བླག་ངང་དོན་འཁྱོལ་ཐུབ་ཡོད།“ཨང་རྟགས་ལྡན་པའི་འཛད་སྤྱོད”ཀྱི་མཛུབ་ཁྲིད་ལག་དེབ་བཟོས་ནས“ཞིམ་ཟས་དང་རིག་གནས་ཡུལ་སྐོར”དང“འཐེན་ཐུག་དང་རྐང་འཁོར་བཞོན་བའི”ཞབས་ཞུའི་འཛད་སྤྱོད་ཐོག་མར་བྱེད་པའི་རྣམ་པ་བཏོད་ཡོད།ཟི་ལིང་གྲོང་ཁྱེར་གྱིས“གསར་པ་གསུམ”གྱི་གྲོང་ཁྱེར་ཚོད་ལྟའི་ལས་དོན་ལ་གྲུབ་འབྲས་ཐོབ་པའི་ངང་རེ་ཞུ་བྱས་པས་དབན་ཏ་དང་ཝུའུ་གཡོད་སོགས་ཚོང་ཁང་དང་པོའི་གཅིག་སྡུད་ཁུལ་རགས་ཙམ་ཆགས་ནས་གྲོང་ཁྱེར་གྱི་འཛད་སྤྱོད་ཡིད་དབང་འགུག་ཤུགས་དང་ཁྱབ་འགྱེད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།2025ལོར་བཅད་གྲངས་ཡན་གྱི་ཚོང་དོན་ཁེ་ལས་121གསར་འཕར་བྱུང་བ་དང་བསྡོམས་འབོར་1100ལས་བརྒལ་ནས་ལོ་འཁོར་གྱི་སྐྱེད་སྲིང་དམིགས་ཚད་ལྡབ་1.4ལས་བརྒལ་ཡོད།

སྤུས་རྟགས་སྐྱེད་སྲིང་ཐད་ཧེ་བག་ཅན་གྱི་IPལིང་ཚེ་ཐོག་མར་ཆགས་ནས་བྱ་ཐབས་དོན་འཁྱོལ་གྱི་ཕན་འབྲས་གསར་པ་མངོན་པར་བྱས་ཡོད།ཚོང་འགུགས་མ་འདྲེན་གྱི“གཙོ་འགན་འཁུར་མཁན”འདུ་འགོད་ལག་བསྟར་བྱས་ནས་ཧེ་བག་ཅན་གྱི་ས་ཁོངས་འཛད་སྤྱོད་IPཐོག་མར་སྐྱེད་སྲིང་བྱས་པ་དང་།“མཚོ་སྔོན་གྱི་ཁྱིམ་སྟོན”གྱི་སྤྱི་པའི་སྤུས་རྟགས་གསར་གཏོད་བྱས་པ།“ས་ཁོངས་1གི་IPསྣེ་ཁྲིད་+ཁྱད་ལྡན་རྣམ་པ་10”ཡི་འཕེལ་རྒྱས་སྒྲོམ་གཞི་བཙུགས་པ།བཟའ་བཏུང་ཞབས་ཞུ་རྐྱང་པ་དེ“ཚོང་དོན་དང་།ཡུལ་སྐོར།རིག་གནས་ལུས་རྩལ་བཅས་གཞི་གཅིག་ཅན་དུ་རིམ་སྤོར་བྱ་རྒྱུར་སྐུལ་འདེད་བཏང་བ་བཅས་རེད།

མ་འཇོག་གནད་སྨིན་ཤུགས་འདོན་གྱིས་དཔལ་འབྱོར་འཕར་བའི“གནོན་རྡོ”བརྟན་པོ་བསྐྲུན་པ།

ཕན་ནུས་ལྡན་པའི་མ་འཇོག་ནི་འཕར་སྣོན་བརྟན་པོ་དང་།གྲུབ་ཚུལ་ལེགས་སྒྲིགདམངས་འཚོར་ཕན་པ་བཅས་ཀྱི་འགག་རྩའི་འདེགས་སྐྱོར་ཡིན།མཚོ་སྔོན་གྱིས་ཐོན་ལས་རིམ་སྤོར་དང་།རྨང་གཞིའི་སྒྲིག་བཀོད།དམངས་འཚོ་འགན་ལེན་བཅས་ཁྱབ་ཁོངས་ཆེན་པོ་གསུམ་ལ་དམིགས་ནས་རྣམ་གྲངས་འཛུགས་སྐྲུན་དམ་འཛིན་བྱ་གཞིར་བྱས་ཏེ་མ་འཇོག་གི་སྤུས་ཚད་མཉམ་དུ་འཕར་རྒྱུར་སྐུལ་འདེད་བཏང་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད།

ཐོན་ལས་མ་འཇོག་ཁྱུ་ཚོགས་ཚད་བརྒལ་བྱས་ནས་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྤར་དགོས།ཐོན་ལས“གནས་བཞི”འཛུགས་སྐྲུན་ལ་གཞི་ཚུགས་ཏེ་མཚོ་སྔོན་གྱིས་ནུས་རྒྱུ་གསར་པ་དང་རྒྱུ་ཆ་གསར་པ་སོགས་ལེགས་ཆའི་ཐོན་ལས་ལ་དམ་པོར་དམིགས་ནས་རྣམ་གྲངས་འཛུགས་སྐྲུན་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་བཏང་བ་རེད།མཚོ་སྔོན་ཧྥུ་ཏི་གློག་རྫས་ཚད་ཡོད་ཀུང་སིས་ཞིང་ཆེན་དང་གྲོང་ཁྱེར་ཚོང་དོན་སྡེ་ཚན་གྱི་མཐུན་སྦྱོར་འོག་ལིས་གློག་རྫས་ལྕགས་ལམ་སྐྱེལ་འདྲེན་གྱི་འཇུར་མིག་བསལ་ནས་ཆེད་སྤྱོད་དོས་སྒམ་བཟོས་ཏེ་ལྕགས་ལམ་ཚོད་ལྟའི་སྐྱེལ་འདྲེན་བྱས་པ་དང་2025ལོར་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་29.9ཟིན་པ་དེ་དུས་མཚུངས་ལས་ལྡབ་3.8འཕར་བ་དང་ལིས་གློག་རྫས་དེ་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ཚོང་ཟོག་ཆེ་ཤོས་དང་པོར་གྱུར་ཡོད་པ་རེད།

མཚོ་སྔོན་དབྱི་ཧྭ་རྫས་འགྱུར་བཟོ་ལས་ཚད་ཡོད་འགན་འཁྲི་ཀུང་སིས་ཞིང་ཆེན་ཚོང་དོན་ཐིང་གི་མཐུན་སྦྱོར་རྒྱབ་སྐྱོར་འོག་ལྷོ་རུ་བསྐྱོད་པའི་ཕྱིར་གཏོང་ལམ་ཐིག་བསྐྱར་དུ་འཆར་འགོད་བྱས་ཏེ་མཚོ་ཐོག་སྐྱེལ་འདྲེན་གྱི་འགྲོ་གྲོན་འཕར་བ་ལས་བྱུང་བའི་མ་གནས་ཀྱི་གནོན་ཤུགས་ལས་གཡོལ་ནུས་ལྡན་བྱས་ནས་PVCཐོན་རྫས་རྒྱ་མཚོར་བསྐྱོད་པའི་དཀའ་གནད་བདེ་བླག་ངང་ཐག་གཅོད་བྱས་པ་དང་།2025ལོར་ཀུང་སིས་ཏུན་ཁྲི་PVC5.13དང་ཡུག་འབྲེལ་བུལ་ཏོག་ཏུན་ཁྲི་2.4ཕྱིར་གཏོང་བྱས་པ་དང་བསྡོམས་རྩིས་བརྒྱབ་ན་ཕྱིར་གཏོང་བྱེད་ཚད་ཏུན་ཁྲི་7.53ཟིན་ནས་ཕྱི་དངུལ་སྒོར་དུང་ཕྱུར་3ཙམ་ཟིན་ཡོད་པ་རེད།“སྤུས་ལེགས་ཀྱི་ཚོང་གཉེར་ཁོར་ཡུག་ལས་ང་ཚོའི‘རྒྱ་མཚོར་སྐྱོད’ཅེས་པའི་དམག་འཐབ་ཀྱི་བློ་སྟོབས་དེ་བས་ཆེ་རུ་ཕྱིན་ཡོད”མཚོ་སྔོན་དབྱི་ཧྭ་རྫས་འགྱུར་བཟོ་ལས་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བས་ཚོར་སྣང་ཟབ་མོ་སྐྱེས།

རྨང་གཞིའི་འཛུགས་སྐྲུན་ལ་མ་དངུལ་འཇོག་པའི་ཞན་ཆ་གསབ་པ་དང་།དཔལ་འབྱོར་འཁོར་རྒྱུག་གི་“འཕར་རྩ་གཙོ་བོ”ཤར་གཏོང་བྱེད་དགོས།གྲངས་གཞིའི་རྨང་གཞིའི་འཛུགས་སྐྲུན་ཁྱབ་ཁོངས་སུ་མཚོ་སྔོན་ཞིང་ཆེན་གྱིས་རླངས་འཁོར་རྙིང་པའི་ཉོ་ཚོང་ཚོང་དོན་དང་ཁྲལ་དོན་གྲངས་གཞི་སྦྲེལ་མཐུད་དང་རིག་ནུས་གཉེར་སྐྱོང་གསར་གཏོད་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་བཅོས་སྣུམ་ཕྱོགས་བསྡུས་རིག་ནུས་ལྟ་སྐུལ་དོ་དམ་ལས་སྟེགས་བསྐྲུན་པ་དང་རྒྱལ་ཡོངས་ཀྱི་སྔོན་ལ་བཅོས་སྣུམ་སིལ་ཚོང་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་བཞི་གཅིག་ཏུ་སྒྲིལ་བའི་སྒྱུར་བཅོས་ཁྱབ་གདལ་བཏང་ནས་སྣུམ་སྣོན་ས་ཚིགས་570སྒྲིག་སྦྱོར་དང་གྲངས་གཞི་འཚོལ་བསྡུ་བྱས་པ་དང་།འགྲིམ་འགྲུལ་རྨང་གཞིའི་འཛུགས་སྐྲུན་ཁྱབ་ཁོངས་སུ“འཐེན་ཐུག་དང་རྐང་འཁོར་བཞོན་པའི”འཛད་སྤྱོད་ཀྱི་རྣམ་པ་གསར་པར་དམིགས་ནས་མཚོ་སྔོན་པོའི་མཚོ་སྐོར་གྱི་སྤྱི་ལེ་360ཡི་སྣོད་བཅུད་བར་ཁྱམས་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་།མཁོ་སྤྲོད་ས་ཚིགས་མི་འདང་བའི་ཞན་ཆ་གསབ་ནས་འགྲིམ་འགྲུལ་འཛུགས་སྐྲུན་དང་རིག་གནས་ཡུལ་སྐོར་འཛད་སྤྱོད་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།“འཐེན་ཐུག་དང་རྐང་འཁོར་བཞོན་པའི”འཛད་སྤྱོད་ཀྱི་རྣམ་པ་གསར་པའང་མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་དཔེ་མཚོན་ཉམས་མྱོང་དང་བྱེད་ཐབས་ནང་བཅུག་ཡོད།

དམངས་འཚོའི་མ་འཇོག་གིས་བདེ་སྐྱིད་ཆེ་རུ་བཏང་ནས་བདེ་སྐྱིད་འཚོ་བའི་རྣམ་པ་གསར་པ་ཞིག་བཏོད་ཡོད།“དུས་ཚོད་སྐར་མ་གཅིག”གི་དམངས་ཕན་ཞབས་ཞུའི་ཁུལ་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ནས་སྡེ་ཁུལ་གྱི་གྲོང་མིའི་འཛད་སྤྱོད་སྟབས་བདེ་ཡོང་ཚད་མུ་མཐུད་མཐོ་རུ་གཏོང་དགོས།ཁྱིམ་ལས་ཞབས་ཞུའི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྤུས་ལེགས་ཁྱིམ་ལས་ཞབས་ཞུའི་བྱེད་པོ་སྐྱེད་སྲིང་བྱས་ཏེ་གྲོང་མིའི་སྤུས་ཚད་མཐོ་བའི་འཚོ་བའི་དགོས་མཁོ་སྐོང་དགོས་པ།ཐང་ཏའོ·637གོམ་སྟབས་ཁྲོམ་གཞུང་སོགས་ཚོང་ལས་གཞི་རྟེན་རིམ་སྤོར་བྱས་ནས་ཇ་དང་།ཕ་རི་སིའི་པེ་མངར་སོགས་ཁྱད་ལྡན་སྤུས་རྟགས་ནང་འདྲེན་བྱས་ཏེ་གྲོང་མིའི་སྤྲོ་གསེང་འཛད་སྤྱོད་ཀྱི་མཚོན་རྟགས་གསར་པ་གཏོད་དགོས།དམངས་འཚོའི་འདུ་འགོད་ཅིག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་སྙོམས་ཀྱི་སྒོ་ནས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པ་བྱས་ཏེ་དཔལ་འབྱོར་རྒྱུན་མཐུད་ལེགས་སུ་འགྲོ་ཆེད་དམངས་སེམས་ཀྱི་སྟོབས་ཤུགས་བརྟན་པོ་ཞིག་གཅིག་ཏུ་སྒྲིལ་ཐུབ་པ་བྱེད་དགོས།

ཚོང་འགུགས་དམིགས་འབེན་འགག་སྒྲོལ་ལ་ཕྱོགས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་གཅིག་སྡུད་བྱེད་པ།

ཚོང་འགུགས་མ་འདྲེན་ནི་དཔལ་འབྱོར་ལས་དོན་གྱི་སྲོག་རྩ་ལྟ་བུ་ཡིན།མཚོ་སྔོན་གྱིས“ཆུ་ཆེན་ཞིང་ཆུ་གཏོང་བའི”རྣམ་པའི་ཚོང་འགུགས་དོར་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ལ་དམིགས་པ་དང་།ཐོན་ལས་སྦྲེལ་ཐག་གི་ཚོང་འགུགས་དང་།ལས་སྟེགས་ཀྱི་ཚོང་འགུགས་དང་ཚོང་འགུགས་སྣ་མང་བཅས་ཀྱི་བྱེད་སྟངས་ཁྱབ་གདལ་བཏང་ནས་གནད་སྨིན་སྦྲེལ་མཐུད་དང་གནད་སྨིན་དོན་འཁྱོལ་གྱི་ཚོང་འགུགས་རྣམ་པ་གསར་པ་ཞིག་བཏོད་ཡོད།

ཚོང་གཉེར་ཁོར་ཡུག་གི་ཞབས་ཞུ་ལེགས་པོ་བྱས་ནས་ཁེ་ལས་འཕེལ་རྒྱས་གཏོང་བའི་“ས་རྒྱུ་གཤིན་པོ་”ཟབ་ཏུ་གཏོང་དགོས།ཞིང་ཆེན་ཚོང་དོན་ཐིང་གིས་ཚོང་འགུགས་མ་འདྲེན་ལས་དོན་གྱི་ཆེད་དོན་འཛིན་གྲྭ་བཙུགས་ནས་ཚོང་འགུགས་ཚོགས་ཆུང་བཞི་བཙུགས་ཏེ་རྒྱུན་རྣམ་ཅན་དུ་ཚོང་འགུགས་ལས་དོན་སྤེལ་བ།ཚོང་དོན་གཟའ་འཁོར་གཉིས་ཀྱི་གྲལ་སྒོར་ཚོགས་འདུའི་ལམ་སྲོལ་གསར་གཏོད་བྱས་ཏེ་སྲིད་གཞུང་སྡེ་ཚན་དང་།ཁེ་ལས་ཀྱི་འཐུས་མི།རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་གདན་དྲངས་ནས་འཕེལ་རྒྱས་ལ་མཉམ་གྲོས་བྱེད་པ་དང་།སྲིད་ཇུས་དོན་འཁྱོལ་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་སོགས་ཀྱི་དཀའ་གནད་སེལ་བ།རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་རར་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་ལག་བསྟར་ནན་པོ་བྱས་ཏེ།གཉེར་སྐྱོང་བྱེད་པོ་སྣ་ཚོགས་འདྲ་མཉམ་ངང་འགྲན་རྩོད་བྱེད་པར་འགན་ལེན་ཏན་ཏིག་བྱ་དགོས།

སྒོ་དབྱེའི་བགྲོད་ལམ་གྱི་འདེགས་སྐྱོར་ཤུགས་ཆེན་བྱས་ནས་མཚོ་སྔོན་ཞིང་ཆེན་གྱིས་རང་འགུལ་ངང་ནུབ་རྒྱུད་ཀྱི་སྐམ་ས་དང་མཚོ་ཐོག་གི་བགྲོད་ལམ་གསར་པར་ཞུགས་པ་དང་2025ལོར་དུས་གཏན་མེ་འཁོར་187བཏང་བ་དེ་དུས་མཚུངས་ལས་38.5%འཕར་ཡོད།ཟི་ལིང་ནས་པང་ཁོག་བར་གྱི་ཐད་གཏོང་དུས་གཏན་གནམ་གྲུ་ཤར་གཏོང་ཐུབ་པ་དང་ཤང་ཀང་གི་དུས་གཏན་གནམ་གྲུ་རྒྱུན་རྣམ་ཅན་གྱི་གཉེར་སྐྱོང་ཐུབ་ནས་ཟི་ལིང་མཁའ་འགྲུལ་འགག་སྒོའི་ས་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་ཁྲི་1.9ཟིན་ཡོད།རྒྱལ་སྤྱིའི་མཁའ་འགྲུལ་ཟོག་འདྲེན་ལས་སྒོའི་ཐད“མེད་པའི་ཚད་བརྒལ”བྱུང་ནས་གསུས་གྲུ་ཁང་གི་དངོས་ཟོག་རྒྱལ་སྤྱིའི་ཟོག་འདྲེན་བྱེད་ཚད་ཏུན་195ཟིན་ཡོད།ཀྲུང་གོ་དང་ནེ་པ་ལ་དང་ཨེ་ཤེ་ཡ་དབུས་མའི་ཚོང་དོན་བགྲོད་ལམ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་ཨེ་ཤེ་ཡ་དབུས་མའི་ཁྲོམ་ར་ནུས་ཤུགས་ཡོད་རྒུས་གསར་གཏོད་བྱས་ཏེ་གྲང་ཚལ་ལྷོ་ཕྱོགས་དང་ནུབ་ཕྱོགས་སུ་ཚོང་དོན་བགྲོད་ལམ་བཏོད་ཡོད།

ཞིང་ཆེན་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།2025ལོར་མཚོ་སྔོན་ཞིང་ཆེན་གྱིས་ཚོང་འགུགས་མ་འདྲེན་གྱི་ལས་ཀའི་ཇུས་གཞི་བཏོན་ནས་མ་འདྲེན་རྣམ་གྲངས་ཀྱི་གསལ་ཐོ་ཐོག་མར་བཟོས་པ་དང་།ཕྱི་རྒྱལ་གྱི་མ་དངུལ་ཚོང་འགུགས་རྣམ་གྲངས་མཛོད་བཙུགས་པ།སྦྲེལ་མཐུད་གསབ་སྦྲེལ་གྱི་གཙོ་གནད་རྣམ་གྲངས་200ལྷག་ཙམ་ལེགས་འདེམས་བྱས་པ།ནུས་རྒྱུ་གསར་པའི་རྒྱུ་ཆ་གསར་པ་དང་།ལྕགས་རིགས་ལས་སྣོན།ཚྭ་མཚེའུ་རྫས་འགྱུར་བཟོ་ལས།ཁྱད་ལྡན་ཞིང་ལས་སོགས་ཐོན་ལས་ལ་དམིགས་ནས་ཁ་ཕྱོགས་དྲུག་དང་རིགས་ཆེ་གྲས་12ཀྱི་ཚོང་འགུགས་རྣམ་གྲངས་61ཁ་གསལ་བཟོས་ཡོད།2025ལོར་ཞིང་ཆེན་ཡོངས་སུ་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་13གསར་དུ་བཙུགས་པ་དང་གན་རྒྱའི་ཕྱི་དངུལ་ལྡབ་2.75འཕར་བ་དང་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་ཨ་སྒོར་ཁྲི་2773ཟིན་ཡོད།

ཕྱི་ཕྱོགས་མཉམ་ལས་རྒྱ་ཆེར་དང་གཏིང་ཟབ་ཏུ་བཏང་ནས་མཚོ་སྔོན་ཞིང་ཆེན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་གཏིང་ཟབ་ཞུགས་ནས་ཞིང་ཆེན་ནང་ཁུལ་གྱི་ལེགས་ཆའི་ཁེ་ལས“ཕྱིར་སྐྱོད་པའི”རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཡོད།གཙོ་གནད་ཕྱི་ཕྱོགས་སུ་མ་འཇོག་བྱེད་པའི་རྣམ་གྲངས་“ཁེ་ལས་གཅིག་ལ་ཐབས་ཇུས་གཅིག”གི་རྗེས་འདེད་ཞབས་ཞུའི་ལམ་སྲོལ་བཙུགས་ནས་རྣམ་གྲངས་ཐོ་འགོད་དང་།ཐོན་ཁུངས་སྦྲེལ་མཐུད།སྒྲིག་སྲོལ་ལྟར་གཉེར་སྐྱོང་སོགས་འགག་རྩའི་ལྷུ་ཚིགས་ཀྱི་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་བྱས་ཏེ་ཕྱི་ཕྱོགས་སུ་མ་འཇོག་བྱེད་པའི་རྣམ་གྲངས་ཁྱབ་ཁོངས་སྔར་བས་རྒྱ་ཆེར་བཏང་བ་དང་།ཨ་མེ་རི་ཁ་གླིང་དང་།ཨེ་ཤེ་ཡ་དབུས་མ།ཨེ་ཤེ་ཡ་ནུབ་མ་སོགས་གཙོ་གནད་ཁྲོམ་རར་ཁྱབ་པ།ལོ་ཧྲིལ་པོར་ཕྱི་ཕྱོགས་ལ་ཐད་ཀར་མ་འཇོག་ཨ་སྒོར་ཁྲི་869བྱས་པ་དེ་དུས་མཚུངས་ལས་50%འཕར་ཡོད།

དེ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་གྱིས་ཨེ་ཤེ་ཡ་དབུས་མ་དང་ཤང་ཀང་དང་ཨའོ་མོན་ས་ཁུལ་དང་དེ་བཞིན་ཁྲུང་ཆིང་དང་ཧྲང་ཧའེ་སོགས་སུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་ཞུགས་པའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་བྱེད་སྒོ་ཐེངས་5གྲུབ་འབྲས་ཐོབ་པའི་ངང་སྒྲུབ་འགན་འཁུར་བ་དང་།པེ་ཅིང་དང་།ཧྲང་ཧའེ།ཀྲེ་ཅང་།ཧའེ་ནན་སོགས་གཙོ་གནད་གྲོང་ཁྱེར་དུ་དཔལ་འབྱོར་ཚོང་དོན་བྱེད་སྒོ་ཐེངས་26བཀོད་སྒྲིག་བྱས་པ།མཉམ་ལས་གྲོས་མཐུན་བརྒྱ་ཙམ་ལ་མིང་རྟགས་བཀོད་པ་བཅས་རེད།

རླུང་བཟང་བ་ནི་གཡོར་གཡོར་འཕྱར་སྐབས་རྟ་ལྕག་གིས་ལྕག་སྐུལ་བྱས་ནས་འབད་བརྩོན་བྱེད་དགོས།ད་ཆ་མཚོ་སྔོན་དུ་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་འཕེལ་བ་དང་མ་འཇོག་རྣམ་གྲངས་ལ་སྐུལ་འདེད་མགྱོགས་པོ་བཏང་བས་ཚོང་འགུགས་ཀྱི་ཚ་རླབས་རྒྱུན་ཆད་མེད་པར་འཕྱུར་བཞིན་ཡོད།འཕེལ་རྒྱས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་མཚོ་སྔོན་གྱིས་མུ་མཐུད་དམིགས་ཚད་གཏན་འཁེལ་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་འཛད་སྤྱོད་དང་།མ་འཇོགཚོང་འགུགས་བཅས་ཀྱིས་མཉམ་དུ་ཤུགས་རྒྱག་པ་དང་མཉམ་དུ་མཉམ་འགུལ་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་རྒྱུ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།