ལམ་ཆེན་གྱིས་རི་ཀླུང་བརྟོལ་ཏེ་མཐོ་སྒང་གི་རྣམ་པ་གསར་པར་སྒྱུར། ——2025ལོར་མཚོ་སྔོན་ཞིང་ཆེན་གྱི་ལོ་མཇུག་གི་དཔལ་འབྱོར་ལྟ་ཞིབ་ལས་ཁག་བཞི་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

དར་གོས་ཚོང་ལམ་གྱི་གཟི་བྱིན་རབ་ཏུ་འབར། མཐོ་སྒང་ས་ཆེན་གྱི་ཁྲག་རྒྱུན་ཕྱོགས་བཞིར་མཆེད།

མཚོ་སྔོན་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ནས“འགག་རྩ་སྟོབས་ཆེར་གཏོང་བ་དང་།ཞབས་ཞུ་ལེགས་སུ་གཏོང་བ།དམངས་འཚོར་ཕན་འདོགས་པ།བདེ་འཇགས་སྲུང་སྐྱོང”བཅས་བྱ་རྒྱུ་གཙོ་བོར་བྱས་ཏེ་མུ་མཐའ་མེད་པའི་མྱ་ངམ་ཐང་དང་།རྨ་ཆུ་དང་ཙོང་ཆུའི་རོང་ཁུལ།རི་སྔོ་ཆུ་དྭངས་བཅས་ཀྱི་ཁྲོད་དུ་བརྗིད་ཉམས་ཆེ་ལ་ལེ་དབར་ཁྲི་ཕྲག་སྦྲེལ་མཐུད་བྱེད་པའི་དེང་རབས་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་གྱི་རི་མོ་གསར་པ་ཞིག་བྲིས་ཡོད།སྣུར་སྲིང་བྱས་པའི་གཞུང་ལམ་རེ་རེ་དང་།འཕུར་འབབ་བྱེད་པའི“དངུལ་ཁྲ”རེ་རེ།མགྱོགས་མྱུར་ངང་སྐྱོད་པའི་མེ་འཁོར་རེ་རེ།སྦྲག་སྲིད་ལམ་བུ་རེ་རེ་བཅས་ཀྱིས་རི་ཀླུང་གི་དུས་དང་བར་སྟོང་གི་རྣམ་པ་བསྐྱར་དུ་བཏོད་པ་མ་ཟད།ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།

2025ལོར་ཞིང་ཆེན་དེ་ཡོངས་ཀྱིས་འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་156བཏང་བ་དེ་དུས་མཚུངས་ལས་23%འཕར་བ་དང་།འགྲིམ་འགྲུལ་སྐྱེལ་འདྲེན་མཛོད་ཉར་དང་སྦྲག་སྲིད་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་7%ཡན་འཕར་ནས་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྤྱིའི་ཆ་ནས་བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་མངོན་ཡོད།མཚོ་བོད་ཚོགས་པ་ཀུང་སིས་འགྲུལ་པ་མི་ཐེངས་ཁྲི་1878སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་4.2%འཕར་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་།མཚོ་སྔོན་གནམ་ཐང་ཀུང་སིས་གནམ་གྲུ་གཏོང་ཐེངས་ཁྲི་7.4དང་།འགྲུལ་པ་མི་ཐེངས་ཁྲི་889དངོས་ཟོག་དང་སྦྲག་ཐོག་བསྐུར་ཚད་ཏུན་ཁྲི་4.4བཅས་ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་10%དང་།11%དང8.2%བཅས་སོ་སོར་འཕར་ཡོད།

དགུན་དུས་ཀྱི་ཉི་འོད་ཡངས་ཤིང་ཁོད་སྙོམས་པའི་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཏ་ཧྭ་གྲོང་རྡལ་ཨ་ཅ་ཐུའུ་ནས་ཧྭ་ཅན་བར་གྱི་གཞུང་ལམ་ཐོག་འཕྲོས་ཤིང་།དམར་སེར་སྔོ་གསུམ་གྱི་མཚོན་རྟགས་ལམ་ཐིག་དེ་འགྲོ་ལམ་དང་བསྟུན་ནས་ཐག་རིང་དུ་སྣུར་སྲིང་བྱས་ཡོད།གཞུང་ལམ་དེ་ལམ་རྒྱུད་ཀྱི་གྲོང་ཚོ་དང་འབྲེལ་བ་ཡོད་པ་དང་།འཕྲེད་གཞུང་ཀུན་ཏུ་ཁྱབ་པའི་གྲོང་ཚོའི་དབར་གྱི་ལམ་ཆུང་སྦྲེལ་མཐུད་བྱས་ཡོད་པས་བརྗིད་ཉམས་ལྡན་པའི་གཞུང་ལམ་དྲ་བ་དང་གྲོང་ཚོའི་མཛེས་ལྗོངས་ཆར་པ་ཆུ་གྲོགས་སུ་གྱུར་ཡོད།

“ལོ་ཤས་གོང་ཞིང་ལས་གཉེར་མི་དགོས་པར་བརྟེན་ཚོང་ཁང་ཆུང་ཆུང་ཞིག་གིས་འཚོ་བ་སྐྱེལ་ཐབས་བྱེད་ཀྱི་ཡོད།ཚོང་ཇི་ཙམ་བརྒྱབ་ན་དེ་ཙམ་གྱིས་ཡག་ཏུ་འགྲོ་གི་ཡོད།ལྷག་པར་དུ་སྒོ་འགྲམ་གྱི་ལམ་བུ་དེ་རིམ་སྤོར་སྒྱུར་བཀོད་བྱས་རྗེས་འགྲོ་འོང་བྱེད་མཁན་རླངས་འཁོར་མང་དུ་ཕྱིན་པ་དང་ཚོང་ཁང་ཆུང་ངུར་ཡོང་མཁན་ཡང་མང་དུ་ཕྱིན་ཡོད”ཟླ་1ཚེས་13ཉིན་སྟོང་སྐོར་རྫོང་ཏ་ཧྭ་གྲོང་རྡལ་ཐ་དབན་གྲོང་ཚོའི་གྲོང་མི་ཧན་ཆིང་གིས་ཟོག་སྒྲོམ་ལེགས་སྒྲིག་བྱེད་ཞོར་དུ་ཚོར་སྣང་ཟབ་མོ་བྱུང་ཞིང་།ད་ཆ་ཚོང་ཁང་ཆུང་གྲས་ཀྱི་ཉིན་རེའི་ཆ་སྙོམས་ཚོང་གཉེར་ཡོང་འབབ་ནི་ལོ་ཤས་གོང་གི་ལྡབ་4ནས་5བར་ཡིན་པ་རེད།

ཧན་ཆིང་གིས་བཤད་པའི་“གཞུང་ལམ་བཟོས་ཟིན”ཞེས་པ་ནི་ཨ་ཧྭ་གཞུང་ལམ་རིམ་སྤོར་སྒྱུར་བཀོད་ལས་གྲྭ་ལེགས་གྲུབ་བྱུང་བ་ལས་བྱུང་བའི་འགྱུར་ལྡོག་ཅིག་རེད།གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་18.2ཡོད་པ་དེ་སྲིད་འཛིན་གྲོང་ཚོ་10ལ་ཁྱབ་ནས་ལམ་རྒྱུད་ཀྱི་དུད་ཚང་1264ཡི་མི་4793ཕྱིར་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ནས་ལམ་རྒྱུད་གྲོང་ཚོའི་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ལ་སྔར་བས་སྐུལ་ཁྲིད་ཐུབ་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་ཐུབ་ཡོད་པ་རེད།

“ཨ་ཧྭ་གཞུང་ལམ་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ཀྱིས‘དམར་པོ་དང་།སེར་པོ།སྔོན་པོ་བཅས’ཀྱི་ལམ་ཐིག་གསུམ་གཙོ་བོར་བྱས་པའི་ལམ་ངོས་ཀྱི་ཚོན་མདོག་མཛེས་བཟོ་དང་།དཀར་ཆ་དོད་པའི་ལམ་རྒྱུད་ཀྱི་སྲིད་འཛིན་གྲོང་ཚོའི་ལམ་སྒྲོན་དང་སྔོ་ལྗང་གཞུང་ལམ་གྱི་གཞོགས་གཉིས་སོགས་ཀྱི་ལས་གྲྭ་ལག་བསྟར་བྱས་པ་བརྒྱུད་སྟོང་སྐོར་རྫོང་གི‘མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ལམ’ཐོག་མ་བཏོད་ཡོད།2024ལོའི་ཟླ་9པར་ཐ་དབན་གྲོང་ཚོའི་གཞུང་ལམ་ཨར་འདམ་ལས་གྲྭ་ཚང་མ་ལེགས་གྲུབ་ཟིན་ནས་གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཕྱིན་པ་མ་ཟད།ཡུལ་མི་ཚོའི་འཚོ་བར་ཡང་སྟབས་བདེ་བསྐྲུན་ཡོདཅེས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཐ་དབན་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་ཀྲའོ་ཀོང་ལིས་བཤད།

2025ལོར་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་དམངས་འཚོའི་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་གྱི་ལམ་གྱི་གནས་ཚུལ་ལེགས་སུ་གཏོང་བའི་ལོ་གསུམ་འགག་སྒྲོལ་བྱ་སྤྱོད་སྤེལ་འགོ་བཙུགས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་འཐབ་ཇུས་ལ་རམ་འདེགས་བྱས་པ་དང་།ཞིང་ཆེན་རིམ་པའི་གཞུང་ལམ་དཀྱུས་མ་དང་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་4000གསར་སྐྲུན་རྒྱས་སྐྲུན་བྱས་པ།ཤང་གྲོང་86%ལ་རིམ་པ་གསུམ་དང་དེ་ཡན་གྱི་གཞུང་ལམ་ཤར་གཏོང་ཐུབ་པ་བཅས་རེད།དམངས་ཕན་ཟམ་པ་500སོགས་དམངས་འཚོའི་བྱ་བ་དངོས་ཀྱི་འདུ་འགོད་ལེགས་སྒྲུབ་བྱས་ནས་ཞིང་འབྲོག་པ་མང་ཚོགས་ཀྱི“ཆུ་ལ་བརྟེན་ནས་ཆུ་བོ་བརྒལ་བ་དང་།ལམ་བསྐོར་ནས་ཕྱིར་སྐྱོད་པའི”དངོས་ཡོད་དཀའ་ངལ་ཐག་གཅོད་ནུས་ལྡན་བྱས་པ།ཤང་གྲོང་16གི་རྒྱལ་མཚམས་སྒྲོལ་བའི་ལམ་དུམ་སྒྱུར་བཀོད་ལས་གྲྭ་ལེགས་སྒྲུབ་བྱས་ནས“ལམ་བུ་གཅིག་ཡག་པོ་བཟོ་བ་དང་།ཡུག་ཁུལ་གཅིག་གསོན་ཤུགས་ལྡན་པར་བྱེད་པ།ཡུལ་དེའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ”བཅས་ཀྱི་ཕུགས་འདུན་བཟང་པོ་མངོན་འགྱུར་བྱེད་དགོས།

དེ་དང་ཆབས་ཅིག་ལན་ཀྲོའུ་ནས་ཟི་ལིང་བར་གྱི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ཟོག་འདྲེན་ལྟེ་བའི་འབྲེལ་ཐག་གསབ་སྦྲེལ་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཟི་ལིང་ལྕགས་ལམ་དངོས་ཟོག་འགག་སྒོའི་ལྟ་སྐུལ་དོ་དམ་བྱ་ཡུལ་དང་པེ་ཁྲོན་བཟོ་ལས་ཟོག་འགྲེམས་གླིང་ཁུལ་སོགས་ཕྱོགས་བསྡུས་ལྟེ་བའི་ས་ཚིགས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་ཧྲོང་ཀྲའེ་ཟོག་འགྲེམས་ལྟེ་གནས་ཕྱོགས་ཡོངས་ནས་བསྐྲུན་ནས་སྤྱོད་འགོ་ཚུགས་པ་རེད།འགྲུལ་སྐྱེལ་ལམ་ཐིག་7ཤར་གཏོང་ཐུབ་ནས་ཞིང་ཆེན་ཡོངས་ཀྱི་རིམ་པ་གསུམ་པ་དང་དེ་ཡན་གྱི་རླངས་འཁོར་འགྲུལ་སྐྱེལ་བབས་ཚུགས་ཀྱིས་དྲ་སྦྲེལ་ཐོག་སྤ་སེ་འཚོང་ཚད་92%ཟིན་པ།“སློབ་གྲྭར་ཤར་གཏོང་ཐུབ་པའི་ཆེད་སྤྱོད་ལམ་ཐིག”29དང་“ལས་ཞུགས་རིགས་ཀྱི་ཆེད་སྤྱོད་ལམ་ཐིག”8ཤར་གཏོང་བྱས་ཡོད།ཞིང་ཆེན་དེ་ཡོངས་ཀྱིས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དང་དངོས་ཟོག་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་ཐིག་39ཤར་གཏོང་བྱས་པ་དང་ཉིན་རེར་ཆ་སྙོམས་དངོས་ཟོག་འཁྱེར་ཚད་བཅུ་ཕྲག་ཁ་ཤས་ནས་ཆིག་སྟོང་བར་མང་དུ་ཕྱིན་ཡོད་པ་རེད།

དམངས་འཚོའི་ཞབས་ཞུའི་ཁྱབ་ཁོངས་སུ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་མ་ཟད།མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ལ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཁྱབ་ཁོངས་སུའང་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད།ཀན་སུའུ་ཀླུ་ཆུ་དང་།སི་ཁྲོན་གསེར་རྟ།བོད་ལྗོངས་ནག་ཆུ་སོགས་ཞིང་ཆེན་དབར་གྱི་བགྲོད་ལམ་6གསར་སྣོན་བྱས་པ།རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་གྱི“འཁོར་རྒྱུག་ཆེན་པོ”ཤར་གཏོང་ཐུབ་པ་བྱས་ནས་སྟོང་སྐོར་ནས་ནུབ་མཚོ་བར་དང་།ཁྲི་ཀ་ནས་འབའ་རྫོང་བར།ཚྭ་འདམ་ཆུང་བ་ནས་མང་ཡ་བར་སོགས་མཐུད་སྐྲུན་རྣམ་གྲངས་21ལ་སྐུལ་འདེད་མགྱོགས་སུ་བཏང་བ།རེབ་གོང་ནས་གསེར་ལུང་བར་དང་།རྨ་ཆེན་ནས་མཛོ་རྒན་ར་བར་སོགས་རྒྱལ་ཁབ་དང་ཞིང་ཆེན་གྱི་ལམ་11ལ་རླངས་འཁོར་ཤར་གཏོང་ཐུབ་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་690གསར་འཕར་བྱུང་ཡོད།

སྒྱུར་བཅོས་གསར་གཏོད་བྱས་ནས་འགྲུལ་ཟོག་སྐྱེལ་འདྲེན་གཉིས་ཀ་མཐོ་རུ་ཕྱིན་ཡོད།

2025ལོར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་སྐྱེལ་འདྲེན་བྱེད་ཤུགས་གནད་སྨིན་བཀོད་སྒྲིག་དང་།ཁྱད་ལྡན་ཞབས་ཞུ་རིམ་སྤོར།ཟོག་འགྲེམས་བྱེད་སྟངས་གསར་གཏོད་བཅས་བྱས་པ་བརྒྱུད་ས་མཐོའི་ལྕགས་ལམ་སྐྱེལ་འདྲེན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས་འགྲུལ་སྐྱེལ་དངོས་ཟོག་གཉིས་ཀ་འཕར་ནས་མཚོ་བོད་ས་མཐོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱི་ཕྱིར་སྐྱོད་དགོས་མཁོ་སྔར་བས་ཡག་པོ་སྐོང་ཆེད།མཚོ་བོད་ཚོགས་པ་ཀུང་སིས་སྐྱེལ་འདྲེན་བྱེད་ཤུགས་ཀྱི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་བཏང་ནས་ཟི་ལིང་ནས་ཧུའུ་ཧོ་ཧའོ་ཐེ་དང་ཏ་ཐུང་ལྷོ་རྒྱུད་བར་གྱི་ཤུགས་འགྲེམས་མེ་འཁོར་སྔ་རྗེས་སུ་མང་དུ་བཏང་བ་དང་འབྲེལ་ཟི་ལིང་ནས་ཁྲེང་ཏུའུ་ཤར་རྒྱུད་བར་གྱི་ཤུགས་འགྲེམས་མེ་འཁོར་འཁོར་སྐྱོད་དུམ་བུ་དེ་ཕན་ཀྲི་ཧྭ་ལྷོ་རྒྱུད་བར་རིང་དུ་བཏང་ནས་མཚོ་བོད་ས་མཐོ་དང་ནང་སོག་དང་ཧྲན་ཤིས་སོགས་དབར་གྱི་བར་ཐག་ཉེ་རུ་བཏང་ཡོད།

ཐུང་ཏ་རང་བཞིན་དང་སྟབས་བདེའི་རང་བཞིན་ཆེ་རུ་གཏོང་བའི་ཐད་མཚོ་བོད་ཚོགས་པ་ཀུང་སིས་སྔ་རྗེས་སུ་ཡན་ཧྲི་ཕིང་དང་འཁྱགས་མི་ཐེབས་པའི་ཆུ་མིག་གི་སྡོད་ཁང་ཤར་གཏོང་བྱས་པས་མཐའ་འཁོར་གྱི་ཤང་གྲོང་མང་པོའི་འབྲོག་པ་ཁྲི་ལྷག་ཙམ་ཕྱིར་སྐྱོད་དཀའ་བའི་གནས་ལས་གྲོལ་ཏེ་ཕྱིར་སྨན་བཅོས་དང་།སློབ་སྦྱོང་།གླ་པ་བཅས་བྱེད་པར་སྐྱོད་པའི་ལམ་བུ་བདེ་པོ་ཡོད།

2025ལོར་ལྕགས་ལམ་གྱིས་ལམ་རྒྱུད་ཀྱི་མཛེས་ལྗོངས་ཁུལ་སྦྲེལ་མཐུད་བྱེད་པའི་ཐུན་མོང་མ་ཡིན་པའི་ལེགས་ཆར་བརྟེན་ནས་མཚོ་བོད་ཚོགས་པ་ཀུང་སིས་ལོ་ཧྲིལ་པོར་ཡུལ་སྐོར་མེ་འཁོར་129བཏང་ནས་ཡུལ་སྐོར་བ་མི་ཐེངས་ཁྲི་3ལྷག་ཙམ་ལ་ཞབས་འདེགས་ཞུ་བའི་ནང་བོད་དུ་ཡུལ་སྐོར་བྱེད་པའི་མེ་འཁོར་ཐེངས་24བཏང་བ་དང་།གཏོང་བའི་གྲངས་འབོར་དང་ཡུལ་སྐོར་བར་ཞབས་འདེགས་ཞུ་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།ལྷག་པར་དུ་ཟི་ལིང་དུ་ཉིང་ཁྲིར་ཐད་ཀར་སྐྱོད་པའི་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་ཐོག་མར་བཏང་བ་དེ་མཚོ་སྔོན་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱིས་རིག་གནས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་རིག་གནས་ཡུལ་སྐོར་ཐོན་ལས་ཐུན་མོང་ཐོག་སྐྱེད་སྲིང་བྱེད་པའི་ཚོད་ལྟ་གསར་རྐྱང་ཞིག་ཏུ་གྱུར་ཡོད་པ་རེད།

ཟོག་འདྲེན་ཐད།2025ལོར་མཚོ་བོད་ཚོགས་པ་ཀུང་སིས་དངོས་ཟོག་ཏུན་ཁྲི་3070སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་5.6%འཕར་ཡོད།ལྷ་ས་ནས་ལན་ཀྲོའུ་བར་གྱི་བོད་ནས་ཐོན་པའི་རླངས་འཁོར་ཆུང་གྲས་ཀྱི་སྐྱེལ་འདྲེན་ལ་གཏན་འཇགས་རླངས་འཁོར་གཏོང་ཐེངས་དང་གཏན་འཇགས་ངང་གཏོང་བའི་དུས་ཚོད་ཀྱི་འགྲུལ་སྐྱེལ་རླངས་འཁོར་ཅན་གྱི་གཉེར་སྐྱོང་ཐུབ་ནས་སྐྱེལ་འདྲེན་གྱི་དུས་ཚོད་མཐོ་རུ་ཆེས་ཆེར་ཕྱིན་ནས་ས་མཐོའི་དངོས་ཟོག་རྒྱལ་ཡོངས་སུ་བསྐྱོད་རྒྱུར་ནུས་ཆེ་དང་སྟབས་བདེའི་ཟོག་འགྲེམས་བགྲོད་ལམ་ཞིག་བཏོད་ཡོད།

གཞན་ཡང་མཚོ་བོད་ཚོགས་པ་ཀུང་སིས“ལྕགས་ལམ་དང་།ཆུ་ཐོག་སྐྱེལ་འདྲེན།གཞུང་ལམ་བཅས་ཟུང་དུ་འབྲེལ་བའི”སྐྱེལ་འདྲེན་བྱེད་སྟངས་སྣ་ཚོགས་སྐྱེ་ལྡན་མཉམ་འདྲེས་ཀྱི་རྣམ་པ་ཐོག་མར་བཏོན་ནས་སྲོལ་རྒྱུན་གྱི་ཟོག་འདྲེན་གྱི“ས་ཚིགས་དང་ས་ཚིགས་”ཀྱི་ཚོད་འཛིན་མེད་པ་བཟོས་ཏེ་ཁེ་ལས་ལ“ལྕགས་ལམ་དང་ཆུ་ཐོག་སྐྱེལ་འདྲེན་གྱི་ལམ་ལུགས་རྐྱང་པ་གཅིག”གི་ཞབས་ཞུའི་ཉམས་ལེན་གསར་པ་མཁོ་འདོན་བྱས་ནས་ཁེ་ལས་ཀྱི་ཟོག་འགྲེམས་མ་གནས་དམའ་རུ་འགྲོ་རྒྱུར་རམ་འདེགས་བྱས་ཏེ་ཟོག་འགྲེམས་ཕྱོགས་སྒྱུར་གྱི་ཚད་བརྒལ་གསར་པ་བྱུང་ཡོད།

བཀོད་པ་ལེགས་སུ་བཏང་ནས་འབྲེལ་མཐུད་སྔར་བས་མགྱོགས་སུ་གཏོང་དགོས།

ཟླ་1ཚེས་12ཉིན། ཐེ་ལན་གྱི་གཡོད་ཅེ་མཁའ་འགྲུལ་གྱི་VZ-3691དུས་གཏན་གནམ་གྲུ་ཟི་ལིང་ཚའོ་ཅ་པའོ་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་བ་དང་བསྟུན་ནས།ཁག་དང་པོའི་མཚོ་སྔོན་གྱི་སན་ཝུན་ཉ་ཏུན་1.8བདེ་བླག་ངང་པང་ཁོག་ཏུ་དབོར་ནས་རྒྱལ་སྤྱིའི་མཁའ་འགྲུལ་ཐད་གཏོང་སྐྱེལ་འདྲེན་ཐུབ་པ་དང་།སྐྱེལ་འདྲེན་དུས་ཡུན་ཧྲིལ་པོ་དེ་སྔའི་རྒྱལ་སྤྱིའི་བརྒྱུད་སྐྱེལ་བྱེད་སྟངས་ལས་ལྡབ་6འཕར་ནས་མཚོ་སྔོན་གྱི་ཁྱད་ལྡན་སོས་པ་ཕྱིར་གཏོང་ཐུབ་རྒྱུར་ནུས་ཆེའི་བགྲོད་ལམ་གསར་པ་བཏོད་པ་རེད།

དེ་ནི་མཚོ་སྔོན་གནམ་ཐང་ཀུང་སིས་རྒྱལ་སྤྱིའི་ཐད་གཏོང་མཁའ་འགྲུལ་ཟོག་འགྲེམས་ཐག་གཅོད་ཇུས་གཞི་རང་འགུལ་ངང་ཇུས་འགོད་དང་གནད་སྨིན་གཏན་འཁེལ་བྱས་ཏེ་འགག་སྒོ་དང་མཁའ་འགྲུལ་ཀུང་སི་སོགས་ཕྱོགས་མང་པོའི་ཐོན་ཁུངས་ལ་སྤྱི་འདོམས་མཐུན་སྦྱོར་ནུས་ལྡན་བྱས་ནས་དངོས་ཟོག་འགག་སྒྲོལ་བདེ་བླག་དང་།གྲུ་གནས་བརྟན་པོ།སྐྱེལ་འདྲེན་ནུས་ཆེ་བཅས་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཏེ“མཚོ་སྔོན་དངོས་ཟོག་མཚོ་སྔོན་ནས་ཕྱིར་གཏོང”མགྱོགས་མྱུར་རིམ་སྤོར་ཐུབ་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད།

2025ལོར་མཚོ་སྔོན་གནམ་ཐང་ཀུང་སིས་བསྐྲུན་པའི“མཁའ་འགྲུལ་དང་འཁྱག་སྦྲེལ་ཟུང་འབྲེལ”གྱི་ཕྱོགས་བསྡུས་ཟོག་འགྲེམས་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་།“མཚོ་སྔོན་གྱི་ཟོག་འདྲེན་ཕྱིར་གཏོང”ལ་དམིགས་ནས“ལྟོ་ཚང་གི་ཟོག་འདྲེན”དང་དུས་ཚིགས་རང་བཞིན་གྱི་ཟོག་སྐྱེལ་འཕྲུལ་འཁོར་གཙང་གླས་སོགས་ཀྱི་རྣམ་པར་བརྟེན་ནས་ལོ་ཧྲིལ་པོར་ཚགས་ཤ་དང་ལུག་ཤ་ཏུན་ཁྲི་1.7ཙམ་དང་།འཁྱག་ཚལ།ས་མཐོའི་ཆུ་གྲང་ཉ་སོགས་སྤུས་ལེགས་ཞིང་འབྲོག་ཐོན་རྫས་ས་མཐོར་ཕྱིར་གཏོང་ཐུབ་ནས་དུས་མཚུངས་ལས་10%འཕར་བ་དང་རྒྱལ་སྤྱིའི་ཕྱིར་གཏོང་ཚད་ལྡབ12ཀྱིས་འཕར།

དགུན་ཁའི་གུང་གསེང་སླེབས་མ་ཐག་ཟི་ལིང་ཚའོ་ཅ་པའོ་རྒྱལ་སྤྱིའི་གནམ་ཐང་གི་T3གནམ་གྲུའི་འབབ་ཚུགས་སུ་དྲོ་སྐྱིད་ལྡན་པ་དང་།མོན་ཐིང་རུའོ་གྲོང་ཁྱེར་གྱི་སྒྲིག་ལམ་གོ་རིམ་ལྡན་པ་སྟེ།རྒྱ་ཆེ་ལ་དཀར་ཆ་དོད་པའི་གནམ་གྲུ་སྒུག་སའི་ཁོར་ཡུག་དང་།བློ་རིག་སྟབས་བདེའི་སྒྲིག་བཀོད་སྒྲིག་ཆས།མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་བཅས་ཀྱིས་འགྲུལ་པར་དྲོ་སྐྱིད་དང་བློ་གྲོས་ལྡན་པའི་ཕྱིར་སྐྱོད་ཀྱི་མྱོང་ཚོར་ཞིག་སྦྱིན་ཡོད།

2025ལོར་ཟི་ལིང་གནམ་ཐང་གིས་འགྲུལ་པ་མི་ཐེངས་ཁྲི་788དང་དངོས་ཟོག་ཏུན་ཁྲི་4འགན་ལེན་བྱས་པ་དེ་དུས་མཚུངས་ལས་12%དང་7.6%འཕར་ནས་ཡུལ་སྐོར་བའི་འཕར་ཚད་རྒྱལ་ཡོངས་ཀྱི་ཞིང་ཆེན་ལྟེ་གནས་དང་དེ་བཞིན་ཐད་གཏོགས་གྲོང་ཁྱེར་གྱི་གནམ་ཐང་གི་ཨང་དང་པོར་སླེབས་པ་དང་།ཡན་ལག་གནམ་ཐང་6གིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་བརྒྱ་ལས་ཐོག་མར་བརྒལ་ནས་སྐྱེལ་འདྲེན་གྱི་དམིགས་ཚད་ཁག་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།མཁའ་ལམ་དྲ་རྒྱའི་བརྟན་པོའི་རང་བཞིན་ཆེ་རུ་ཕྱིན་ནས་ཟི་ལིང་གནམ་ཐང་དུ་མཁའ་ལམ་ཤར་གཏོང་ཐུབ་ཚད་78ཟིན་པ་དང་མཁའ་ལམ་120ཡོད་པ་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་ལ་ཁྱབ་པ་དང་མཁའ་ལམ་ཤར་གཏོང་ཐུབ་ཚད་10མང་དུ་ཕྱིན་པ།ཤང་ཀང་གི་དུས་གཏན་གནམ་གྲུ་གསང་སྡོམ་དང་པང་ཁོག་གི་དུས་གཏན་གནམ་གྲུ་གསར་དུ་བསྣན་པ་དང་རྒྱལ་སྤྱིའི་(ས་ཁུལ)འགྲུལ་པ་མི་ཐེངས་ཁྲི་2ལས་བརྒལ་བ་དེ་དུས་མཚུངས་ལས་54%འཕར་བའི་ནང་རྒྱལ་ཁོངས་སུ་ཡོང་མཁན་ཡུལ་སྐོར་བས་བཟུང་བའི་བསྡུར་གྲངས་དེ་70%ལྷག་ཙམ་ཟིན་པ་དང་རྒྱལ་སྤྱིའི་ལས་སྒོ་ཚད་བརྒལ་བྱུང་ཡོད་པ་རེད།

ལམ་ཆེན་ནི་འཇའ་ཚོན་ལྟར་འབད་འཐབ་ཀྱི་རྗེས་ཤུལ་བརྐོས་ཡོད།འཕྲེད་གཞུང་དུ་བསྐྱོད་དེ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་ཡོད།འགོ་འཛུགས་ས་གསར་པར་ལངས་ནས་མཚོ་སྔོན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱིས་ནུས་ཤུགས་གང་ཡོད་བཏོན་ནས་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བའི་འཁོར་སྐྱོད་ལས་ཕྱོད་དང་།ཕྱོགས་བསྡུས་སྐྱེལ་འདྲེན་ཞབས་ཞུའི་སྤུས་ཚད།འགྲིམ་འགྲུལ་མཉམ་འདྲེས་འཕེལ་རྒྱས་ཀྱི་ཕན་ནུས།འགྲིམ་འགྲུལ་སྐྱེལ་འདྲེན་ཞབས་ཞུའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་བཅས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་སྔར་བས་དཔའ་ངར་ཆེར་བསྐྱེད་ཀྱི་རྣམ་པའི་ཐོག་ནས་ཡངས་ཤིང་རྒྱ་ཆེ་བའི་ས་མཐོའི་ས་གཞི་ཆེ་མོའི་ཐོག་སྔར་བས་བརྗིད་ཆགས་ཡིད་དུ་འོང་བའི་འགྲིམ་འགྲུལ་གྱི་ལེའུ་མུ་མཐུད་རྩོམ་བཞིན་ཡོད་པ་རེད། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།