མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས12ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས《མཚོ་ནུབ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱ་དགའ་སྤྲོད་ཐབས(ཚོད་སྤེལ)》(གཤམ་དུ་བསྡུས་མིང་ལ《བྱེད་ཐབས》ཞེས་བརྗོད་རྒྱུ)དངོས་སུ་པར་འགྲེམས་བྱས་པ་དེའི་དམིགས་ཡུལ་ནི་བྱ་དགའ་ཡོད་པའི་ཐེར་འདོན་བྱེད་སྟངས་བརྒྱུད་སྤྱི་དམངས་དང་ཁྲིམས་མི། རྩ་འཛུགས་གཞན་དག་བཅས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ལ་ཧུར་ཐག་ཞུགས་རྒྱུར་སྐུལ་མ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ཁྲིམས་ལྟར་ཆད་གཅོད་བྱས་ནས་མང་ཚོགས་ཀྱི་ཁོར་ཡུག་ཁེ་དབང་འགན་སྲུང་དང་། སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་སྔོན་འགོག་ནན་པོ་བྱས་ཏེ། ཁོར་ཡུག་སྤུས་ཚད་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།
《བྱེད་ཐབས》ནང་རླུང་ཁམས་ཆེན་པོའི་སྦགས་བཙོག་དང་། ཆུའི་སྦགས་བཙོག ས་རྒྱུའི་སྦགས་བཙོག ཉེན་ཆེའི་བེད་མེད་སྦགས་བཙོག འཛེར་སྒྲའི་སྦགས་བཙོག འགྱེད་འཕྲོའི་སྦགས་བཙོག་སོགས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ཐེར་འདོན་གྱི་ཁྱབ་ཁོངས་ནང་བཅུག་ཡོད་པ་དང་། ཁུངས་སྣེ་ལ་ཞིབ་བཤེར་བྱས་ནས་དོན་དངོས་དང་མཐུན་པ་མ་ཟད་བྱ་དགའ་སྤྲོད་པའི་ཆ་རྐྱེན་དང་མཐུན་པའི་ཐེར་འདོན་བྱེད་མཁན་ལ་ཁྲིམས་འགལ་བྱ་སྤྱོད་ཀྱི་གནོད་འཚེ་ཚད་དང་། ཁུངས་སྣེ་རིན་ཐང་། སྤྱི་ཚོགས་ཀྱི་ཤུགས་རྐྱེན་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་བྱ་དགའ་སྤྲོད་པའི་ཚད་གཞི་སྒོར100དང་། སྒོར1000། སྒོར5000། སྒོར་ཁྲི1། སྒོར་ཁྲི10དང་སྒོར་ཁྲི30བཅས་སྐས་རིམ་དྲུག་གཏན་འཁེལ་བྱ་རྒྱུ་ཡིན་པ་གསལ་པོ་བཀོད་ཡོད། ཁེ་ལས་ནང་ཁུལ་གྱི་མི་སྣས་ཁོར་ཡུག་གི་ཁྲིམས་འགལ་གྱི་ཁུངས་སྣེ་གལ་ཆེན་ཁོང་དུ་ཆུད་པར་དམིགས་ནས། 《བྱེད་ཐབས》ནང་ཐེར་འདོན་བྱས་པ་ཟད་ད་དུང་ནུས་ལྡན་གྱི་དཔང་རྟགས་རྒྱུ་ཆ་མཁོ་འདོན་བྱས་པའི་བྱ་དགའི་དངུལ་ལྡབ་གཉིས་སྤྲོད་རྒྱུའི་དམིགས་བསལ་གཏན་འབེབས་བྱས་ཡོད།
ཐེར་འདོན་བྱེད་མཁན་གྱི་ཁེ་དབང་འགན་སྲུང་བྱ་ཆེད《བྱེད་ཐབས》ནང་ཐེར་འདོན་གྱི་ཐབས་ལམ་སྣ་མང་བསྡུ་སྒྲིལ་ཇེ་ལེགས་སུ་བཏང་བ་དང་ཐེར་འདོན་བྱེད་མཁན་གྱིས་སྲིད་དོན་ཐེར་འདོན་ཐད་སྦྲེལ་ཁ་པར12345དང་། རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་ཞུ་གཏུག་ཐེར་འདོན་ལས་སྟེགས། ཁུལ་དང་རྫོང(གྲོང་ཁྱེར་དང་སྲིད་འཛིན་ཨུ་ལྷན)སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱི་དྲ་ཚིགས་དང་། འཕྲིན་ཡིག་དང་དཔོད་ཆུང་གི་རྩིས་ཐོམ། འཕྲིན་ཡིག་དང་འཚམས་འདྲིར་ཡོང་བ་སོགས་ཀྱི་ཐབས་ལམ་བརྒྱུད་ཐེར་འདོན་བྱེད་ཆོག དེ་དང་ཆབས་ཅིག་ཐེར་འདོན་བྱེད་མཁན་གྱི་ཆ་འཕྲིན་གསང་སྲུང་ནན་པོ་བྱེད་པ་དང་མིང་མི་འགོད་པའི་ཐེར་འདོན་ལ་ཆེད་མངགས་མི་སྣ་དང་སྐུད་རྐྱང་འབྲེལ་གཏུག་བྱེད་པ། ཁྲིམས་འགལ་གྱིས་ཐེར་འདོན་བྱེད་མཁན་གྱི་ཆ་འཕྲིན་ཕྱིར་ཤོར་མཁན་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་བདའ་འདེད་ནན་པོ་བྱ་རྒྱུ་རེད། གཞན་ཡང《བྱེད་ཐབས》ནང་ད་དུང་བྱ་དགའ་སྤྲོད་པའི་བརྒྱུད་རིམ་ཇེ་ལེགས་སུ་བཏང་ནས་བྱ་དགའི་དངུལ་འདང་ངེས་དང་དུས་ཐོག་ཏུ་སྤྲོད་རྒྱུའི་འགན་ལེན་བྱས་ཏེ་ཐེར་འདོན་བྱེད་མཁན་ལ“ཉེན་ཁ་མེད་པ་དང་དོགས་ཟུར་མེད་པ”ལྟ་སྐུལ་ནང་ཞུགས་སུ་བཅུག
《བྱེད་ཐབས》དེ2026ལོའི་ཟླ1པའི་ཚེས12ཉིན་པར་འགྲེམས་བྱས་པ་དང་སྤྱི་སྒྲོག་དུས་ཡུན་ཉིན30ཡིན་པ་དང2026ལོའི་ཟླ2པའི་ཚེས10ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་རེད།