ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་ཧུའུ་ནན་དང་ཨན་ཧུའེ་རུ་བསྐྱོད་དེ་སློབ་སྦྱོང་དང་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ11པའི་ཚེས6ཉིན་ནས་ཚེས13ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་ཧུའུ་ནན་ཞིང་ཆེན་དང་ཨན་ཧུའེ་ཞིང་ཆེན་དུ་བསྐྱོད་དེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་དང་མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ཀྱི་བྱ་བའི་ཐད་ཆེད་དམིགས་སློབ་སྦྱོང་དང་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་ཞིང་ཆེན་གཉིས་ཀྱི་གྲོང་ཁྱེར་དང་རྫོང་།  ཡུལ་ཚོ་དང་གྲོང་རྡལ། སྡེ་བ་དང་ཁེ་ལས་བཅས་སུ་བསྐྱོད་དེ།  ཡུལ་དངོས་ལྟ་ཞིབ་དང་ཡུལ་དངོས་ནས་བསམ་ཚུལ་བརྗེ་རེས་བྱེད་པ། ངོ་སྤྲོད་ལ་ཉན་པ་སོགས་ཀྱི་བྱ་ཐབས་བརྒྱུད་ནས། གཙོ་བོ་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ།  སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་བ། ཞིང་ལས་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་བྱེད་པ། མཁར་གྲོང་མཉམ་འདྲེས་ལག་ལེན་བྱེད་པ། ཁེ་ལས་གཙོ་བོའི་གསོ་སྐྱོང་སོགས་ཀྱི་ཐད་ལ་དམིགས་ནས་རྟོག་ཞིབ་གཏིང་ཟབ་བྱས།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱོན་ཡོངས་དང་རྒྱུ་སྤུས་ལ་འབྲེལ་བ་ཡོད་པ་དང་། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྡོག་མེད་ཀྱི་བླང་བྱ་རེད། ཧུའུ་ནན་དང་ཨན་ཧུའེ་ཞིང་ཆེན་གཉིས་ཀྱི་ཉམས་མྱོང་དང་བྱེད་ཐབས་ཀྱིས་ང་ཚོས་འབྲེལ་ཡོད་བྱ་བ་སྤེལ་རྒྱུར་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ཐོན་ལས་དར་སྤེལ་ནི་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བའི་ལྟེ་བའི་སྒུལ་ཤུགས་ཡིན།  ཞིང་ཆེན་གཉིས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ལ་གཞི་ཚུགས་ནས།“ཤེས་ལྡན་མི་སྣ་ཕྱིར་འདྲེན་དང་ཐོན་ལས་དངོས་འབེབ་བྱེད་པ།”“རིག་གནས་ནུས་སྤྲོད་དང་སྐྱེ་ཁམས་ཀྱི་སྤུས་ཀ་མཐོར་འདེགས་སུ་གཏོང་བ།”“གཞི་གྲངས་ལ་སྐུལ་འདེད་དང་ཁེ་ལས་ལ་སྐུལ་ཁྲིད་བྱེད་པ”སོགས་ཀྱི་རྣམ་པ་དང་། དེ་མིན་ཐོན་ཁུངས་དང་རྒྱུ་ནོར། མ་རྩ་བཅས་ཀྱི་ནུས་པ་ཕན་ནུས་ལྡན་པའི་སྒོ་ནས་ཇེ་ཆེར་བཏང་སྟེ། ཞིང་ལས་དང་རིག་གནས་ཡུལ་སྐོར་གྱི་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་དང་།  སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་བའི་ལག་ལེན་བྱེད་སྟངས་ནི་རྗེས་ཕྱོགས་ཞིང་ལས་ཐོན་ལས་རིམ་སྤོར་དང་སྤུས་འདེགས་ཕན་འབྲས་ལ་སྐུལ་འདེད་གཏོང་བ། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་དང་འདྲ་བཟོ་བྱེད་ཆོག་པའི་བྱེད་སྟངས་ཤིག་རེད།  རྟོག་ཞིབ་ཚན་ཆུང་གིས་རང་ཞིང་གི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། རྟོག་ཞིབ་གྲུབ་འབྲས་ལ་ཤེས་རྟོགས་དང་བསྡུ་ལེན། ཚུལ་སྒྱུར་བཅས་བྱས་ནས། ཞིང་སྡེའི་ཐོན་ལས་འཕེལ་རྒྱས་དང་ཤེས་ལྡན་མི་སྣའི་འདེགས་སྐྱོར། རིག་གནས་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོབ། རྩ་འཛུགས་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། ཁྲིམས་ལྟར་དམངས་ཆེན་གྱི་འགན་འཁྲི་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་བསམ་འཆར་དང་གྲོས་གཞི་བཏོན་ནས། རང་ཞིང་གི་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་དང་མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ལ་རྒྱུན་མཐུད་དང་ནུས་ལྡན་ངང་ཕན་སྐུལ་བྱ་ཆེད་ནུས་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།