མཚོ་སྔོན་གསར་འགྱུར་བའི་འཕྲིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན།འདི་ལོའི་ཟླ་ལྔ་སྔོན་དུ།ཟི་ལིང་གྲོང་ཁྱེར་གྱི་དཔལ་འབྱོར་ལ་བཟོ་ལས་དང་།མ་འཇོགའཛད་སྤྱོད་སོགས་ཁྱབ་ཁོངས་སུ་འཕེལ་རྒྱས་ཀྱི་རྣམ་པ་མི་འདྲ་བ་མངོན་པ་དང་འཛད་སྤྱོད་རིམ་སྤོར་གྱི་རྣམ་པ་འབུར་དུ་ཐོན་ནས་འགྲན་སློང་དང་གོ་སྐབས་ཁྲོད་དགེ་མཚན་ལྡན་པའི་འགྱུར་ལྡོག་མངོན་ཡོད།
བཟོ་ལས་ཁྱབ་ཁོངས།
ཟླ་1པ་ནས་ཟླ་5པའི་བར།ཟི་ལིང་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས་1.8%ཆག་པ་དང་།ཆག་ཚད་དེ་ཟླ་1པ་ནས་ཟླ་4པ་དང་།ཟླ་1པ་ནས་ཟླ་3པ་དང་བསྡུར་ན་བརྒྱ་ཆའི་གྲངས་0.2དང་0.6སོ་སོར་ཆུང་དུ་ཕྱིན་ཡོད། ལས་རིགས་ཀྱི་ངོས་ནས་བལྟས་ན།གློག་ཤུགས་འཕྲུལ་ཆས་དང་ཡོ་བྱད་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་71.5%འཕར་བ་དང་།སྨན་རྫས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་15.3%འཕར་བ།རྫས་འགྱུར་རྒྱུ་ཆ་དང་རྫས་འགྱུར་ཐོན་རྫས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་12.5%འཕར་ཡོད།
མ་འཇོག་ཐད།
ཟླ་1པ་ནས་ཟླ་5པའི་བར་ཟི་ལིང་གི་རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག་བྱས་པ་དུས་མཚུངས་ལས་84.3%འཕར་ཡོད། དེའི་ནང་ཆུ་བེད་ཁོར་ཡུག་དང་སྤྱི་པའི་སྒྲིག་བཀོད་དོ་དམ་ལས་རིགས་ལ་མ་འཇོག་བྱས་པ་དུས་མཚུངས་ལས་60.8%འཕར་ཡོད། བཟོ་ལས་ལག་རྩལ་བསྒྱུར་བཀོད་ལ་མ་དངུལ་འཇོག་པར་བལྟས་ན།བཟོ་ལས་ལག་རྩལ་བསྒྱུར་བཀོད་ལ་མ་དངུལ་འཇོག་པ་དུས་མཚུངས་ལས་35.2%འཕར་བ་དང་།ཟི་ལིང་བཟོ་ལས་ལ་མ་དངུལ་འཇོག་པའི་བསྡུར་ཚད་དེ་ལོ་གོང་མའི་དུས་མཚུངས་ཀྱི་13.0%ནས་28.4%བར་མཐོ་རུ་ཕྱིན་ནས་བརྒྱ་ཆའི་གྲངས་15.4འཕར་ཡོད།ཧྲང་ལ་ཤིས་ཉིང་གྲོང་ཁྱེར་གྱི་བཟོ་ལས་ལ་མ་དངུལ་འཇོག་པ་བརྒྱ་ཆའི་གྲངས་4.6འཕར་ཡོད།
གོང་གི་ཟླ་བ་ལྔའི་ནང་ཤིས་ཉིང་གི་སྤྱི་ཚོགས་འཛད་སྤྱོད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་224.1ཟིན་པ་དང་དུས་མཚུངས་ལས་2.0%འཕར་བ་དང་འཕར་ཚད་དེ་གོང་གི་ཟླ་བ་བཞི་ལས་བརྒྱ་ཆའི་གྲངས་0.6འཕར་ཡོད། ནུས་ཁུངས་གསར་པའི་རླངས་འཁོར་འཛད་སྤྱོད་ཐད་ནས་བལྟས་ན།ཚད་བཀག་ཡན་གྱི་སྡེ་ཚན་གྱི་ནུས་ཁུངས་གསར་པའི་རླངས་འཁོར་སིལ་ཚོང་གྲངས་འབོར་དུས་མཚུངས་ལས་44.0%འཕར་ནས་རླངས་འཁོར་རིགས་ཀྱི་སིལ་ཚོང་གྲངས་འབོར་གྱི་25.4%ཟིན་ཡོད།སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་འཕར་ཚད་བརྒྱ་ཆའི་གྲངས་3.0ཟིན་ཡོད།
ཚོང་ཟོག་ཁག་གཅིག་སིལ་འཚོང་གི་གནས་ཚུལ་ལ་བལྟས་ན།
འཛད་སྤྱོད་ཚོང་ཟོག་རྙིང་པ་གསར་དུ་བརྗེ་བ་དང་ཁྱིམ་ཚང་གི་རྒྱན་སྤྲས་ཁ་གསབ་སོགས་སྲིད་ཇུས་ཀྱི་སྐུལ་ཁྲིད་འོགཁྱིམ་སྤྱོད་གློག་ཆས་དང་སྒྲ་བརྙན་ཡོ་བྱད་རིགས་དུས་མཚུངས་ལས་76.1%འཕར་བ་དང་འཛུགས་སྐྲུན་དང་རྒྱན་སྤྲས་རྒྱུ་ཆའི་རིགས་དུས་མཚུངས་ལས་ལྡབ་1.8འཕར་ཡོད། རིམ་འཕར་རིགས་ཀྱི་ཚོང་ཟོག་འཛད་སྤྱོད་གནས་ཚུལ་ལ་བལྟས་ན།གྱོན་ཆོག་པའི་རིག་ནུས་སྒྲིག་ཆས་ཀྱི་འཛད་སྤྱོད་དུས་མཚུངས་ལས་ལྡབ་2.8འཕར་བ་དང་།ནུས་འབྲས་རིམ་པ་དང་པོ་དང་གཉིས་པའི་ཁྱིམ་སྤྱོད་གློག་ཆས་དང་སྒྲ་བརྙན་ཡོ་བྱད་ཀྱི་འཛད་སྤྱོད་55.9%འཕར་བ།རིག་ནུས་ཁྱིམ་སྤྱོད་གློག་ཆས་དང་སྒྲ་བརྙན་ཡོ་བྱད་ཀྱི་འཛད་སྤྱོད་40.7%འཕར་བས།འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་རིམ་བཞིན་ཐོན་ཡོད།